རྒྱལ་སྤྱིའི་སློབ་ཕྲུག་དང་ལས་བཟོའི་ཐོངས་ཆེན་དམིགས་འབེན་བཟུང་ནས་གཞུང་གིས་གཞིས་སྤོ་བ་ཇེ་ཉུང་དུ་གཏོང་རྒྱུ།

ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱལ་སྤྱིའི་སློབ་ཕྲུག་རྫུན་མ་དང་ཀུན་སྤྱོད་དང་མི་མཐུན་པའི་ལས་བཟོ་བ་སོགས་ངེས་གཏན་མེད་པའི་གཞིས་སྤོའི་ལམ་ལུགས་མ་ལམ་སྒྱུར་བཅོས་བྱ་རྒྱུ་མ་ཟད། ཁྱོན་ཡོངས་ནས་གཞིས་སྤོ་བའི་གྲངས་ཚད་ཇེ་ཉུང་དུ་གཏོང་འཆར་ཡོད་འདུག

Imegration System.jpg
དེ་ཡང་ཨོ་སི་ཊོ་ལི་ཡ་གཞུང་གིས་ཏག་ཏག་མ་བསྡད་པའི་གཞིས་སྤོ་བའི་ལམ་ལུགས་སྒྱུར་བཅོས་དང་ལོ་རྒྱུས་ནང་གཞིས་སྤོའི་གྲངས་འབོར་ཉུང་འཕྲི་ཚད་མཐོ་ཤོས་བྱ་རྒྱུ་ཡིན་པའི་འཆར་གཞི་འོག རྒྱལ་སྤྱིའི་སློབ་ཕྲུག་དང་ཚུལ་མིན་ཁེ་ཕན་སྒྲུབ་མཁན་གྱི་ལས་བཟོ་བ་རྣམས་ལ་སྔར་ལས་དོ་དམ་ནན་མོ་བྱ་རྒྱུ་ཡིན་འདུག

རྩིས་ལོ་སྔོན་མའི་ནང་རྒྱལ་ཁབ་གཞན་ནས་ཨོ་སི་ཊོ་ལི་ཡར་ཁྱོན་གཞིས་སྤོ་བ་མི་གྲངས་ ༥༠༠་༠༠༠ ཙམ་འབྱོར་ཡོད་པ་ནི་ལོ་རྒྱུས་ནང་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པས་མ་ཚད། དེའི་གོང་གི་ལོ་དང་བསྡུར་ནས་གཞིས་སྤོ་བ་མི་གྲངས་འབུམ་ཁ་ཤས་མང་བ་ཆགས་ཀྱི་ཡོད་པ་རེད།

ཏོག་དབྱིབས་ནད་དུག་ཁྱབ་བརྡལ་རྗེས་རྒྱལ་སྤྱིའི་སློབ་ཕྲུག་དང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་རྣམས་ཕྱིར་ལོག་བྱ་རྒྱུ་ནི་གནད་དོན་ཆེན་པོ་ཞིག་ཆགས་ཡོད་པ་དང་། གཞུང་གི་ངོས་ནས་གཞིས་སྤོའི་གྲངས་འབོར་དང་གནས་བབས་དེ་གཏན་པོ་ཞིག་ལ་གནས་ཐབས་བྱེད་ཀྱི་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནང་སྲིད་བློན་ཆེན་ཁེ་ལར་ཨོ་ནེལ་ Clare O'Neil ལགས་ཀྱིས་ཉེ་ཆར་རེས་གཟའ་ཟླ་བ་ཉིན་ལོ་རྗེས་མའི་རྩིས་ལོ་དང་ཕྱི་ལོ་ ༢༠༢༥ ནང་ཚུད་དུ་རྒྱལ་ཁབ་གཞན་ནས་གཞིས་སྤོ་ལ་ཡོང་མཁན་གྱི་གྲངས་འབོར་དེ་ཏོག་དབྱིབས་ནད་དུག་འགོས་ཁྱབ་མ་ཕྱིན་གོང་གི་གྲངས་འབོར་ཏེ་ལོ་རེར་གཞིས་སྤོ་བ་མི་གྲངས་ ༢༥༠༠༠ བར་ལ་ཚོད་འཛིན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག ཁོ་མོས་”ང་ཚོའི་གཞིས་སྤོའི་ལས་དོན་ཐབས་ཇུས་དེ་ནི་ཨོ་སི་ཊོ་ལི་ཡའི་མི་མང་ཚང་མའི་ཆེད་ལས་དོན་ཡག་པོ་ཞིག་ཡོང་བའི་གནད་དོན་གལ་ཆེན་ཞིག་ཡིན་”ཞེས་གསུངས་འདུག

དེ་སྔོན་ཕྱི་ཟླ་ ༣ པའི་ནང་སྤྱི་དམངས་ཞབས་ཞུ་བ་སྐུ་ཞབས་མཱ་ཊིན་ཕར་ཀིན་སོན་ Martin Parkinson གྱིས་གཞིས་སྤོ་སྐོར་གྱི་བསྐྱར་ཞིབ་ནང་དོན་ཚན་ཁག་ ༣༨ བཏོན་ཡོད་དང་། ཨོ་སི་ཊོ་ལི་ཡའི་གཞིས་སྤོའི་ལམ་ལུགས་དེ་དམིགས་ཡུལ་ལྟར་ཏག་ཏག་ཅིག་ཡོང་གི་མེད་པ་ཤེས་རྟོགས་བྱུང་ཡོད་འདུག

དེ་ཡང་ལུང་པ་གཞན་ནས་ལག་རྩལ་མཐོ་བའི་མི་སྣ་གཞིས་སྤོ་ལ་བླངས་རྒྱུར་ལམ་ལྷོང་མ་བྱུང་བ་ཙམ་དུ་མ་ཟད། གཞིས་སྤོ་བའི་ཁྲོད་དུ་སྦྱིན་བདག་གི་གླ་འབབ་དམའ་མོ་ལས་སྤྲོད་ཀྱི་མེད་པའི་གནས་སྟངས་སོགས་ཀུན་སྤྱོད་དང་མི་མཐུན་པའི་གནས་ཚུལ་མང་པོ་ལྷག་བཞིན་པར་ངོས་འཛིན་བྱུང་ཡོད་འདུག

ད་དུང་བསྐྱར་ཞིབ་དེའི་ནང་རྒྱལ་སྤྱིའི་སློབ་ཕྲུག་བླངས་བཞིན་པ་དེའི་ཁྲོད་དུ་ཡང་དཀའ་རྙོག་མང་པོ་ཞིག་འཕྲད་བཞིན་པ། སློབ་ཕྲུག་ངོ་མ་མིན་པ་མང་པོ་ཞིག་ལག་འཁྱེར་ཚད་ལྡན་གྱི་སྦྱོང་བརྡར་ཁག་ལ་སློབ་ཞུགས་ཀྱིས་དེས་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཁྲོམ་ར་དང་། རྒྱལ་སྤྱིའི་ཤེས་ཡོན་ལམ་ལུགས་གཉིས་ཀ་ལ་ཉེན་ཁ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་ཡུལ་མི་གནས་སྤོའི་ལམ་ལུགས་ནང་ཐབས་ཇུས་གནད་དོན་ཁག་བརྒྱད་ཙམ་བསྒྱུར་བཅོས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ཅིང་། དེའི་ནང་ལག་རྩལ་ལྡན་པའི་ཡུལ་མི་གནས་སྤོ་བ་ཇེ་མང་དུ་གཏོང་ཐབས་དང་། དཔེར་ན་ཐོངས་ཆེན་གསར་པ་དེ་འདྲ་བཟོ་རྒྱུ། ལས་མིར་བཤུ་གཞོག་གཏོང་མཁན་ལ་དོ་དམ་བྱེད་རྒྱུ། ཐོངས་ཆེན་འགྲོ་ལུགས་ཀྱི་བརྒྱུད་རིམ་གཉེར་བར་དམིགས་བསལ་རྒྱལ་སྤྱིའི་ཤེས་ཡོན་ལམ་ལུགས་གཞིར་བཅོལ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་འདུག

སྐད་ཡིག་གི་ཆ་རྐྱེན་གསར་པ་དེ་གཅིག་པུ་ཡིས་སློབ་ཕྲུག་དང་། སློབ་ཐོན་སློབ་མ་སྟོང་ཕྲག་མང་པོར་ཐོངས་ཆེན་རག་རྒྱུར་འགོག་རྐྱེན་འཕྲད་སྲིད་པ་ཞིག་ཡིན་འདུག

གཞུང་གིས་ཐབས་ཇུས་འདིའི་ཐོག་ནས་རྒྱལ་སྤྱིའི་སློབ་ཕྲུག་གི་ཐོངས་ཆེན་གནས་བབས་ཚད་ལྡན་ཡོང་རྒྱུའི་རེ་བ་རྒྱག་གི་ཡོད་པ་རེད། རྒྱུ་མཚན་ནི་རྒྱལ་སྤྱིའི་སློབ་ཕྲུག་མང་པོ་ཞིག་ཁོང་ཚོའི་ལག་རྩལ་གྱི་གནས་ཚད་ལས་གནས་རིམ་དམའ་བའི་ལས་ཀ་བྱེད་དགོས་འཁེལ་གྱི་ཡོད་པ་དང་། སློབ་ཕྲུག་ཁག་ཅིག་སློབ་ཐོན་ལག་འཁྱེར་ཡོད་ཀྱང་བཟོ་རིག་ལག་རྩལ་དང་བརྡ་འཕྲིན་ཚན་རྩལ་གྱི་ཤེས་ཚད་དམའ་དྲག་པ་སོགས་ཀྱི་གནས་སྟངས་ཡོང་གི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནོར་སྲིད་བློན་ཆེན་ཇིམ་ཆལ་མར་སི་ Jim Chalmers ལགས་ཀྱིས་ཐབས་ཇུས་འདི་ནི་རྒྱལ་ཁབ་ཀྱི་དགོས་མཁོ་དང་རྒྱལ་ཡོངས་དཔལ་འབྱོར་གྱི་ཁེ་ཕན་བཅས་ཀྱི་ཆེད་དུ་གཟབ་ནན་བྱས་ནས་བཟོས་པ་ཞིག་ཡིན་སྐོར་བརྗོད་འདུག

རེས་གཟའ་ཉི་མའི་ཉིན་ཁོང་གིས་ང་ཚོས་གསལ་པོ་བཟོ་དགོས་པ་ཞིག་ལ་གཞིས་སྤོ་བ་རྣམས་ཨོ་སི་ཊོ་ལི་ཡའི་མི་མང་གི་ཚབ་བྱེད་ནས་སྦྱོང་བརྡར་སྤྲོད་མི་ཐུབ་ཅེས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག ད་དུང་ཁོང་གིས་ང་ཚོའི་དཔལ་འབྱོར་ཡར་རྒྱས་གཏོང་བར་ང་ཚོར་མ་འོངས་པར་ལག་རྩལ་ལྡན་པའི་མི་དེ་ལས་མང་བ་དགོས་ཀྱི་ཡོད་པ་རེད། ང་ཚོའི་དཔལ་འབྱོར་ཡར་རྒྱས་འགྲོ་བར་གཞིས་སྤོའི་ཁྲོད་དུ་ང་ཚོར་དགོས་མཁོ་ཆེ་བའི་ལག་རྩལ་པ་དེ་འདྲ་ངེས་པར་དུ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

Share
Published 16 December 2023 7:57pm
Updated 16 December 2023 8:00pm
By Sangyal Dorjee
Source: SBS

Share this with family and friends