ལས་ཀ་ཞིག་ལ་སྙན་ཞུ་འབུལ་བར་གྲ་སྒྲིག་བྱེད་དགོས་པའི་གནད་དོན་ཁག་ཅིག

Job_Application_AusExpl_Social.png

Get the SBS Audio app

Other ways to listen

དུས་རྒྱུན་ཁྱེད་རང་གིས་ལས་ཀའི་ས་མིག་ཞིག་ཡོད་པ་གསལ་བསྒྲགས་མཐོང་བ་དང་ཁྱེད་རང་ལས་ཀ་དེ་ལ་འདོད་མོས་བྱུང་ཚེ། དེའི་རྗེས་ལ་ཁྱེད་རང་གིས་བསྒྲུབ་དགོས་པའི་ཆ་རྐྱེན་དེ་ཚོ་ཤེས་རྒྱུ་གལ་ཆེན་པོ་ཆགས་ཡོད།


ཁྱེད་རང་གིས་ལས་ཀ་ཞིག་ལ་སྙན་ཞུ་འབུལ་སྐབས་ལས་མི་བསྡུ་མཁན་དེ་ཚོའི་རེ་བ་དང་ཆ་རྐྱེན་ག་རེ་ཡོད་པ་དེ་ཚོ་ཤེས་རྟོགས་གསལ་པོ་བྱུང་ཚེ་ཁྱེད་རང་ལ་ལས་ཀ་རག་རྒྱུའི་གོ་སྐབས་ཆེ་བ་ཡོད་པ་རེད།

ལས་ཀ་ཞིག་ལ་སྙན་ཞུ་འབུལ་སྐབས་དུས་ཚོད་འགོར་གྱི་ཡོད་པས་མ་ཚད་དེ་ལ་དཀའ་ལས་རྒྱག་དགོས་ཀྱི་ཡོད་པ་རེད། ལྷག་པར་དུ་ཨོ་སི་ཊོ་ལི་ཡའི་ནང་ལྟ་སྐྱོང་བྱེད་མཁན་གྱི་ལས་གནས་ཤིག་ལ་སྙན་ཞུ་འབུལ་སྐབས་ཆ་རྐྱེན་མང་པོ་ཞིག་ཚང་དགོས་ཀྱི་ཡོད་པ་རེད།

སྦྱིན་བདག་མང་པོ་ཞིག་གིས་ཁྱེད་རང་བཅར་འདྲི་ལ་སྐད་མ་གཏོང་གོང་ལ་ཁྱེད་རང་ལ་ཉམས་མྱོངས་དང་ཤེས་ཚད་ལག་རྩལ་ག་རེ་ཡོད་མེད་ཡིག་ཐོག་ནས་དཔངས་རྟགས་འཁྱེར་ཤོག་ཟེར་གྱི་ཡོད།

ནཱ་ཋ་ལེ་ཕིར་ཊི་ Natalie Peart ལགས་ནི་ཨོ་སི་ཊོ་ལི་ཡའི་ནང་ལྟ་སྐྱོང་བྱེད་མཁན་ Careers སྐོར་ལ་རྒྱལ་སྤྱིའི་ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་སྤྲོད་མཁན་ Peak Academy ཞེས་པའི་ཚོགས་པའི་ལས་བྱེད་ཅིག་རེད། ཁོ་མོས་མི་ཚང་མ་ལ་ཐབས་བྱུས་ཤིག་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

ཁོ་མོས་ཨོ་སི་ཊོ་ལི་ཡར་མཚོན་ན་ཚོང་ལས་ཁང་མང་ཆེ་བ་ཞིག་གིས་ཨོ་སི་ཊོ་ལི་ཡའི་ནང་ཉམས་མྱོངས་དེ་གལ་ཆེན་པོ་བརྩི་བཞིན་ཡོད། ཁོང་ཚོར་ཁྱེད་རང་གི་ངོས་ནས་ཨོ་སི་ཊོ་ལི་ཡའི་མི་ཞིག་གིས་ལས་ཀ་བྱེད་ཐུབ་པ་ནང་བཞིན་གཅིག་པ་བྱེད་ཐུབ་མཁན་ཞིག་དགོས་ཀྱི་ཡོད། གལ་སྲིད་ཁྱེད་རང་འདིར་གསར་དུ་འབྱོར་བ་ཞིག་ཡིན་ན་ཁྱེད་རང་ལ་ཨོ་སི་ཊོ་ལི་ཡའི་མི་ནང་བཞིན་ཉམས་མྱོངས་ཞིག་གང་ནས་རག་གི་རེད་བསམས་ཀྱི་ཡོད།  ཁྱེད་རང་ལ་ཡང་ལས་ཀར་སྙན་ཞུ་ཐེངས་དང་པོ་རྒྱག་སྐབས་ཁྱེད་རང་གི་རེ་བ་དང་རྨི་ལམ་ནང་བཞིན་ལས་ཀ་ཞིག་ཕལ་ཆེར་རག་རྒྱུར་ཁག་པོ་ཆགས་ཡོད། ཡིན་ན་ཡང་ཁྱེད་རང་ལས་ཀ་དེ་འདྲ་ཞིག་རག་རྒྱུའི་འབད་བརྩོན་དང་ཐབས་བྱུས་དགོས་ཀྱིི་ཡོད་པ་རེད། དེ་ནས་ལོ་གཉིས་གསུམ་ཙམ་སོང་རྗེས་ཁྱེད་རང་ལ་ལས་ཀ་འདོད་པ་དང་འཚམ་པ་ཞིག་རག་ཐུབ་ཀྱིི་རེད་ཅེས་གསུངས་འདུག

ཁྱེད་རང་གིས་ལས་ཀའི་ས་མིག་གསལ་བསྒྲགས་ཤིག་མཐོང་རྗེས། དེའི་ནང་དགོས་འདུན་དམིགས་བསལ་ག་རེ་འདུག་དེ་ངེས་པར་དུ་བལྟ་དགོས་ཀྱི་ཡོད་པ་རེད་ཅེས་ AMES ཞེས་པའི་ཨོ་སི་ཊོ་ལི་ཡ་ཞབས་ཞུའི་སྡེ་ཚན་ཞིག་གི་འགན་འཛིན་མན་ཌེ་རཱ་ཁེ་ཕི་ Mandy Ratcliffe ལགས་ཀྱིས་ལམ་སྟོན་གནང་འདུག

ཁོ་མོས་སྦྱིན་བདག་མ་འདྲ་བར་ཁོང་ཚོའི་ལས་མིར་དགོས་འདུན་མི་འདྲ་བ་ཡོང་གི་ཡོད། ཡིན་ན་ཡང་ཚང་མར་ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ཨང་གྲངས་ TFN དགོས་ཀྱི་ཡོད་པ་དང་།  དཔྱ་ཁྲལ་ཨང་གྲངས་དེ་ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱི་དྲ་ཚིགས་ཐོག་ནས་ཐོ་འགོད་བྱས་ཚེ་རག་གི་ཡོད། ད་དུང་ལས་ཀ་བྱེད་སར་ Police Check ཉེན་རྟོག་པའི་ས་ནས་ནག་ཉེས་མེད་པའི་ངོས་སྦྱོར་ཡི་གེ་དང་། ད་དུང་ལས་ཀ་བྱེད་སའི་ཁོར་ཡུག་གནས་སྟངས་ལ་དཔག་པའི་ work with children check  ཕྲུ་གུ་དང་མཉམ་དུ་ལས་ཀ་བྱེད་ཆོག་པའི་དཔངས་ཡིག་བཅས་དགོས་ཀྱི་ཡོད་སྲིད་ཅེས་གསུངས་འདུག

དོན་དག་གཉིས་པ་དེ་ཁྱེད་རང་གིས་ལས་ཀའི་ས་མིག་ཁྱབ་བསྒྲགས་ཀྱི་ཡི་གེ་དེ་ཆ་ཚང་ཡག་པོ་བྱེད་ནས་ཀློག་དགོས་ཀྱི་ཡོད་པ་རེད། ཁྱབ་བསྒྲགས་དེའི་ནང་ལས་མི་དེའི་བྱེད་སྒོ་དང་ལས་འགན་ག་རེ་ཡིན་མིན་དང་། ཁྱེད་རང་གིས་ལས་འགན་དེ་ཏག་ཏག་སྒྲུབ་ཐུབ་ས་རེད་དམ་མ་རེད་བལྟ་དགོས་ཀྱི་ཡོད་པ་རེད།

དེའི་སྐོར་ནཱ་ཋ་ལེ་ཕིར་ཊི་ Natalie Peart ལགས་ཀྱིས་འགྲེལ་བརྗོད་ཁག་ཅིག་གནང་དོན།

ཁོ་མོས་ཐོག་མར་ཁྱེད་རང་གིས་ལས་ཀ་དེ་ག་རེ་ཡིན་མིན་ནན་ཏན་བྱེད་ནས་ཞིབ་ཚགས་བལྟ་དགོས་པ་དང་ཁྱེད་རང་གིས་ལས་ཀ་དེར་སྙན་ཞུ་འབུལ་བ་ཡིན་ན་ཁྱེད་རང་གི་གནས་ཚད་དང་འཚམ་པོ་ཡོད་མེད་བལྟ་དགོས་པ་རེད། དེ་ནས་ལས་ཀའི་གསལ་བསྒྲགས་ནང་དོན་དག་གཙོ་གནད་དེ་ཚོར་བལྟ་དགོས་པ་རེད། གཙོ་གནད་ཟེར་དུས་ལས་ཀ་དེར་ལག་རྩལ་དང་།  ཤེས་ཡོན་གྱི་གནས་ཚད། ཉམས་མྱོངས་བཅས་ག་རེ་དགོས་ཀྱི་ཡོད་མེད་དེ་རེད། དེ་ནས་ཁྱེད་རང་ལ་ལག་རྩལ་དང་གནས་ཚད་དེ་ཡོད་མེད་བསམ་བློ་གཏོང་དགོས་པ་རེད་ཅེས་གསུངས་འདུག

སྦྱིན་བདག་ཚོས་ཁྱེད་རང་ལ་ལག་རྩལ་དང་། ཤེས་ཚད། ཉམས་མྱོངས་དེ་ཚོ་ཡོད་མེད་བལྟ་བ་དང་། ཁོང་ཚོས་སྟབས་བདེ་ཤོས་ནི་ཁྱེད་རང་གི་ཉམས་མྱོངས་ངོ་སྤྲོད་ནང་ནས་བལྟ་གི་ཡོད་པ་རེད།

ལས་ཀའི་ཉམས་མྱོང་ངོ་སྤྲོད་ Resume དེ་ཤོག་ལྷེབ་གཉིས་དང་གསུམ་ཙམ་གྱི་ནང་ཁྱེད་རང་གིས་དེ་སྔ་ལས་ཀ་བྱེད་མྱོངས་ཡོད་པའི་ལོ་རྒྱུས་ཁག་ཐོ་འགོད་དང་། དེ་ནས་སློབ་སྦྱོང་བྱེད་མྱོངས་ཡོད་པའི་ཤེས་ཡོན་གྱི་གནས་ཚད་ལག་འཁྱེར་དང་ལག་རྩལ་སོགས་ངོ་སྤྲོད་ནང་བཀོད་དགོས་ཀྱི་ཡོད་པ་རེད། ངོ་སྤྲོད་ཡག་པོ་བྱུང་ཚེ་དེའི་ཐོག་ནས་ཁྱེད་རང་ལ་ལས་ཀ་རག་པའི་གོ་སྐབས་ཤུགས་ཆེ་བ་ཡོད་པ་རེད།


Share