བོད་དོན་རྒྱབ་སྐྱོར་ཆེད་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་རྡ་རམ་ས་ལར་འབྱོར་བ།

Australian Parliamentary Delegations At Dharamsala.jpg

Get the SBS Audio app

Other ways to listen

ཉེ་ཆར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཌན་སི་མི་ཐི་ Dean Smith ལགས་དང་། གྲོས་ཚོགས་འཐུས་མི་དང་དེ་སྔོན་ཨོ་གླིང་གི་སྲིད་བློན་གཞོན་པ་ཟུར་པ་མེ་ཤལ་མེ་ཀོར་མཱ་ཁེ་ Michael McCormack ལགས། གྲོས་ཚོགས་འཐུས་མི་ལྕམ་དྷེ་བྷོ་རཱ་ཨོ་ནལ་ Deborah Mary O’Neill ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝེ་ཌི་སི་མི་ཐི་ David Smith ལགས་བཅས་བོད་དོན་རྒྱབ་སྐྱོར་ཆེད་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པས་མ་ཚད། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པར་གཞུང་འབྲེལ་མཛད་སྒོ་ཐོག་མཉམ་ཞུགས། དེ་ཉིན་ཕྱི་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་དོན་རྒྱབ་སྐྱོར་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་གནང་འདུག


སྔ་དྲོར་གྲོས་ཚོགས་འཐུས་མི་རྣམས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་སྐབས་༧གོང་ས་མཆོག་གིས་ང་ཚོ་ཚང་མ་ནི་འགྲོ་བ་མིའི་ཆ་ཤས་སུ་གཏོགས་ཀྱི་ཡོད་པས། ང་ཚོ་ཚང་མ་འགྲོ་བ་མིའི་སྤུན་མཆེད་གཅེན་གཅུང་ཡིན་པའི་བསམ་བློ་དང་འགྲོ་བ་མིའི་དབར་གྱི་འདུ་ཤེས་དེ་གལ་ཆེན་པོ་ཆགས་ཡོད། ང་ཚོ་འགྲོ་བ་མི་རྣམས་ཀྱིས་ལུང་པ་མ་འདྲ་བ་དང་བསམ་བློའི་ལྟ་ཚུལ་མ་འདྲ་བ་ལ་བརྟེན་ནས་དམག་འཁྲུག་རྒྱག་པ་ནི་རྦད་དེ་ནོར་འཁྲུལ་རེད་ཅེས་བཀའ་སློབ་གནང་འདུག

ཡང་གསུམ་བཅུ་དུས་དྲན་ཉིན་གྱི་ཕྱི་དྲོར་གསར་འགོད་ལྷན་ཚོགས་སྐབས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཌན་སི་མི་ཐི་ Dean Smith ལགས་ཀྱིས་ཁོ་ནི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དང་། ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཚང་མ་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཧ་ཅང་གནད་འགག་ཅན་ཞིག་ཆགས་ཡོད་པ་དང་། ཚོགས་པ་དེས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་གཅིག་སྒྲིལ་གྱིས་ཐོག་ནས་བོད་ཀྱི་གནད་དོན་ཐོག་སྐད་ཆ་ཤོད་བཞིན་ཡོད་སྐོར་གསུངས་འདུག

ཡང་ཁོང་གིས་འདས་པའི་ལོ་ངོ་འགའ་ཤས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་སོགས་གྲོས་ཚོགས་ནང་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་སྔར་ལས་ཚད་མཐོ་རུ་ཕྱིན་པ་སོགས་ཀྱི་གྲུབ་འབྲས་ཐོན་ཡོད། ལྷག་པར་དུ་ཆབ་སྲིད་ཚོགས་པ་ཚང་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ངོས་ནས་ན་ནིང་ལོ་མཇུག་དེར་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ལ་སྙན་ཞུ་ཞིག་ཕུལ་ནས། དེ་སྔོན་ཕྱི་ཟླ་ ༡ པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གོ་སྐབས་དེ་དང་བསྟུན་ནས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་གཏོང་བཞིན་པར་ཨ་རི་དང་དབྱིན་ཇི་སོགས་དང་ལྷན་དུ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་བྱས་པ་ཡིན་ཞེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་དྷེ་བྷོ་རཱ་ཨོ་ནལ་ Deborah Mary O’Neill ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ངོས་ནས་ད་ལྟ་བོད་དང་ཤིན་ཅང་ནང་ཆོས་དད་ཀྱི་རང་དབང་དང་། འགུལ་བསྐྱོད་ཀྱི་རང་དབང་། དེ་བཞིན་སྐད་ཡིག་སྲུང་སྐྱོབ་ཀྱི་རང་དབང་སོགས་ཀྱི་ཐད་བློ་འཚབ་ཆེན་པོ་ཡོད། མ་ཚད་བོད་པའི་ཕྲུ་གུ་རྣམས་ཕ་མ་དང་ཁ་འཕྲལ་ནས་ཞག་སྡོད་སློབ་གྲྭའི་ནང་བཙན་གྱིས་འཁྲིད་བཞིན་པའི་སྲིད་བྱུས་ཐད་ལ་བློ་འཚབ་ཆེན་པོ་ཡོད། བོད་དང་ཤིང་ཅང་ནང་གི་གནས་སྟངས་ཐད་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་བཅས་ནས་དམིགས་བསལ་གྱི་བརྒྱུད་རིམ་ཞིག་གི་ཐོག་ནས་རྟོགས་ཞིབ་བྱེད་འཇུག་དགོས་ཀྱི་ཡོད་ཅེས་གསུངས་འདུག

ཡང་གྲོས་ཚོགས་འཐུས་མི་དང་དེ་སྔོན་ཨོ་གླིང་གི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མེ་ཤལ་མེ་ཀོར་མཱ་ཁེ་ Michael McCormack ལགས་ཀྱིས་ང་ཚོ་འདིར་སླེབས་པའི་གྲོས་ཚོགས་འཐུས་མི་རྣམས་ཆབ་སྲིད་ཀྱི་ཚོགས་པ་དང་རྒྱབ་ལྗོངས་མ་འདྲ་བ་ནས་ཡིན་ཡང་། དེ་རིང་འདིར་མཉམ་དུ་ཡོང་ནས་ཚང་མས་འགྲོ་བ་མི་ཐོབ་ཐང་དང་བོད་ཀྱི་ཆེད་དུ་འབོད་སྒྲ་སྒྲོག་གི་ཡོད་ཅེས་གསུངས་འདུག

ཁོང་གིས་བོད་མི་ཚོས་ཞི་བའི་ཡངས་ལངས་བྱས་ནས་མི་ལོ་ ༦༥ འདས་ཡོད་པ་དང་དེ་རིང་གི་ཉིན་མོ་འདི་ནི་བོད་མི་ཚོའི་མྱ་ངན་གྱི་ཉིན་མོ་ཞིག་རེད། ཉིན་མོ་དེར་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དྲན་གསོ་བྱེད་བཞིན་ཡོད། གཙོ་བོར་བོད་མིའི་ཚོས་རང་དབང་གི་ཆེད་དུ་འཐབ་རྩོད་གནང་གི་ཡོད་པ་རེད། དེ་རིང་འདིར་འཇར་མན་གྱི་སྐུ་ཚབ་དང་ང་ཚོ་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་ཚོར་མཚོན་ན་ཆབ་སྲིད་ཀྱི་ཚོགས་པ་མ་འདྲ་བ་དང་རྒྱབ་ལྗོངས་མ་འདྲ་བ་ནས་ཡིན་མིན་ལ་བལྟོས་པར་ང་ཚོ་ཚང་མས་བོད་དང་བོད་མིའི་རང་དབང་ཐད་གཅིག་གྱུར་གྱི་མོས་མཐུན་བྱེད་བཞིན་ཡོད། དེ་རིང་ང་ཚོས་འདིར་བོད་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་འབོད་སྒྲ་སྒྲོག་བཞིན་པ་ལྟར་མ་འོངས་པར་ཡང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གཅིག་པུ་ཙམ་མ་ཚད། རྒྱལ་ཡོངས་སུ་ང་ཚོས་བོད་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་མུ་མཐུད་འབོད་སྒྲ་སྒྲོག་གི་ཡིན། ང་རང་ལ་མཚོན་ན་ཨོ་སི་ཊོ་ལི་ཡའི་ས་གནས་ཝ་དགའ་ཝ་དགའ་ནས་ཡོང་བ་ཡིན། ས་གནས་དེར་ལ་བོད་མི་ཉུང་ཤས་ཤིག་གནས་སྡོད་བྱས་ཡོད་སྐོར་སོགས་གསུངས་སོང་།

ཡང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝེ་ཌི་སི་མི་ཐི་ David Smith ལགས་ཀྱིས་ཐེངས་འདིར་ང་ཚོ་དྷ་རམ་ས་ལར་ཆིག་སྒྲིལ་ཐོག་ནས་འདིར་ཡོང་དགོས་དོན་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བློ་འཚབ་ཆེན་པོ་ཡོད་པའི་ཆ་ནས་སླེབས་པ་ཡིན། སྤྱིར་མི་ཚང་མར་ཆོས་དད་ཀྱི་རང་དབང་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་དགོས་ཀྱི་ཡོད་པ་རེད། ང་རང་གི་ངོས་ནས་དང་ངའི་ཕྱག་རོགས་ཚོའི་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་འདུག

Share