ཨོ་སི་ཊོ་ལི་ཡའི་ཐོངས་ཆེན་གྱི་ལམ་ལུགས་ཤིག་གི་འོག་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་དཀའ་ངལ་འཕྲད་ནས་ལྷག་པ།

Piume Kaneshan (SBS).jpg

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་ནང་ལོ་ངོ་བཅུ་ཕྲག་འགའ་ཤས་གོང་དུ་གཙོ་བོར་མཚོ་ཐོག་གྲུ་གཟིངས་ནང་ནས་འབྱོར་བའི་སྐྱབས་བཅོལ་ཞུ་མཁན་མི་གྲངས་ ༩༠༠༠ ཙམ་ཞིག དེ་སྔོན་ནས་ཨོ་སི་ཊོ་ལི་ཡ་གཞུང་གི་ཐོངས་ཆེན་གྱི་ལམ་ལུགས་ཤིག་གི་འོག སྐབས་དེར་ཁོང་ཚོར་གནས་སྐབས་ཐོངས་ཆེན་ཞིག་ལས་སྤྲད་མེད་སྟབས། ད་དུང་ཡང་ཁོང་ཚོ་གཏན་སྡོད་བྱེད་མཁན་གྱི་ཐོངས་ཆེན་དང་ཡང་ན་མི་སེར་གྱི་ཐོབ་ཐང་མ་རག་པར་ལྷག་བསྡད་ཡོད་འདུག


སྐྱབས་བཅོལ་ཞུ་མཁན་དེ་དག་ནང་མི་གྲངས་སྟོང་ཕྲག་འགའ་ཤས་ཤིག་ནི་ཁོང་ཚོ་ཐོག་མར་ཨོ་སི་ཊོ་ལི་ཡར་འབྱོར་སྐབས་ཕྲུ་གུ་ཡིན་པ་དང་། ད་ཆ་ཁོང་ཚོ་ན་གཞོན་དང་དར་མ་ཆགས་ཟིན་ཡང་ཐོངས་ཆེན་གྱི་གནས་སྟངས་དེ་ནི་ཚོད་འཛིན་རང་བཞིན་གྱི་ཟླ་བ་དྲུག་གི་བར་བརྒལ་ཐོངས་ཆེན་ཐོག་ནས་གནས་སྡོད་བྱས་ཡོད་སྟབས། རྒྱུན་དུ་ཁོང་ཚོ་ཕ་ཡུལ་ལྟར་བུ་ཆགས་ཟིན་པའི་ལུང་པ་འདི་ནས་ཕྱིར་རང་ཡུལ་ལ་དུས་ཚོད་ངེས་མེད་ནང་སློག་སྲིད་པའི་དངངས་སྐྲག་འོག་འཚོ་སྡོད་བྱས་ཡོད་པ་རེད།

བྲོས་བྱོལ་དུ་སླེབས་པ་དང་སྐྱབས་བཅོལ་ཞུ་མཁན་ཚོ་ཁག་ཅིག་གིས་ཨོ་སི་ཊོ་ལི་ཡའི་ཕྱི་མི་གཞིས་སྤོའི་བློན་ཆེན་མཆོག་ལ་དུས་ཡུན་ལོ་ངོ་བཅུ་ཕྲག་རིང་དུས་འགྱང་དུ་ཕྱིན་པའི་གཏན་སྡོད་ཆོག་པའི་ཐོངས་ཆེན་གྱི་གནས་བབས་དེ་གནང་སྐྱོང་ཡོང་བའི་དགོས་འདུན་བཏོན་འདུག

ཉིན་ལྟར་ཞོགས་པ་ཡར་ལངས་བ་དང་སློབ་གྲྭར་འགྲོ་སྐབས་ང་རང་ལ་ཐོངས་ཆེན་ཚད་ལྡན་ཞིག་མེད་པ་དྲན་སོས་ཀྱི་འདུག གནད་དོན་གང་འདྲ་ཞིག་གི་ཐོག་ནས་ཀྱང་དུས་ཚོད་ངེས་མེད་ལ་ང་རང་ཕྱིར་ཤྲིར་ལངྐ་ལ་ཕྱིར་སློག་གཏང་སྲིད་པ་རེད། ཅིག་བྱས་ན་བདུན་ཕྲག་རྗེས་མ་དང་ཡང་ན་ལོ་གཉིས་ནང་ལ་གཏོང་སྲིད་པ་ཞིག་རེད། ངའི་ཨ་མར་སེམས་ཁྲལ་འདུག་ལ་ངའི་ཐོངས་ཆེན་ Visa གྱི་གནས་བབས་ལ་སེམས་ཁྲལ་འདུག ད་དུང་མཐོ་སློབ་སོགས་ཀྱི་གནས་སྟངས་བཅས་ལ་སེམས་ཁྲལ་ཆེན་པོ་འདུག་ཅེས་གསུངས་འདུག 

གོང་དུ་དཀའ་ངལ་དེ་དག་འགྲེལ་བརྗོད་གནང་མཁན་ནི་ལོ་ན་ ༢༠ ཡིན་པའི་སྨན་གཡོག་སྐོར་གྱི་སློབ་སྦྱོང་གནང་བཞིན་པའི་སློབ་ཕྲུག་ཕི་ཡོ་ཀཱ་ནེ་ཤན་ Piume Kaneshan རེད།

ཁོ་མོ་ལ་མཚོན་ན་ཨོ་སི་ཊོ་ལི་ཡའི་ནང་ཆུང་དུས་ནས་བདེ་འཇགས་དང་ངེས་གཏན་མེད་པའི་འཚོ་བ་ཞིག་སྐྱེལ་དགོས་བྱུང་ཡོད། ཁོ་མོ་ལོ་ན་ ༧ ལ་སོན་སྐབས་ཕྱི་ལོ་ ༢༠༠༩ ལོར་ཤྲིར་ལངྐའི་ལ་ནང་འཁྲུག་གིས་རྐྱེན་པས་ཁོ་མོའི་པཱ་ལགས་རྒྱབ་ཏུ་བསྐྱུར་ནས་ཁོ་མོའི་ཨ་མ་དང་གཅེན་མོ་གཉིས་དང་ལྷན་དུ་གྲུ་གཟེངས་ཤིག་ལ་བསྡད་ནས་བྲོས་བྱོལ་དུ་ཡོང་དགོས་འཁེལ་ཡོད་འདུག དེ་ནས་ལོ་ངོ་ ༡༢ རྗེས་སྟེ་ལོ་ ༢ གོང་ལ་ཁོ་མོའི་པཱ་ལགས་མཆིན་པའི་སྐྲན་ནད་ཕོག་ཀྱང་ཨོ་སི་ཊོ་ལི་ཡའི་ནང་ཁོང་གི་ནང་མིར་ཐོངས་ཆེན་གྱི་གནས་སྟངས་རྐྱེན་པས་པཱ་ལགས་ཐུག་པར་འགྲོ་བསྐྱོད་བྱས་ཐུབ་མེད་པ་རེད། 

ཁོ་མོས་ངའི་པཱ་ལགས་ཕུང་པོ་དུར་འཇུག་སྐབས་མི་ཚང་མ་དེ་ལ་འདུག་ཀྱང་ང་ནི་ཁ་པར་བརྙན་མཐོང་བརྒྱུད་བལྟས་ནས་བསྡད་པ་ཡིན། ངས་ངུ་མཚམས་བཞག་ཐུབ་ཀྱི་མི་འདུག་ལ་ང་རང་མ་ཤི་བར་དུ་སེམས་སྡུག་དེ་སངས་ཐབས་ཡོད་མ་རེད། ང་རང་དེ་འདྲ་འགྲོ་མ་ཐུབ་པ་ནང་བཞིན་མི་སུ་ཞིག་ཀྱང་དེ་འདྲའི་གནས་སྟངས་ཤིག་དང་དཀའ་ངལ་མི་འཕྲད་པའི་རེ་བ་རྒྱག་གི་ཡོད་ཅེས་གསུངས་འདུག 

ཁོ་མོ་ནི་དེ་སྔོན་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་གོང་ཨོ་སི་ཊོ་ལི་ཡར་སྐྱབས་བཅོལ་ཞུ་བར་སླེབས་མཁན་གྱི་མི་གྲངས་ ༩༠༠༠ ཙམ་གྱི་ནང་གཅིག་ཆགས་ཀྱི་ཡོད། ཡིན་ན་ཡང་ད་དུང་ཡང་ཐོངས་ཆེན་ལམ་ལུགས་ཤིག་འོག་དཀའ་ངལ་ལས་ཐར་ཐུབ་མེད་པ་རེད། 

དེ་ཡང་ཕྱི་ལོ་ ༢༠༡༤ ལོར་ཨོ་སི་ཊོ་ལི་ཡར་མཉམ་འབྲེལ་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༢ ལོའི་གོང་དུ་གྲུ་གཟིངས་ལ་བསྡད་ནས་ཨོ་སི་ཊོ་ལི་ཡར་འབྱོར་མཁན་མི་གྲངས་ ༣༡༠༠༠ ལ་གནས་སྐབས་ཀྱི་ཐོངས་ཆེན་ཞིག་གི་འོག་བཞག་པ་དེའི་ཤུགས་རྐྱེན་གྱི་བརྒྱུད་རིམ་དེའི་ཁྲོད་དུ་ད་དུང་ཡང་མི་མང་པོ་ཞིག་གཏན་སྡོད་བྱེད་ཆོག་པའི་ཐོངས་ཆེན་ཡིག་ཆ་མ་རག་པའི་དཀའ་ངལ་ཁྲོད་དུ་ལྷག་ཡོད་པ་རེད།

དེ་སྔོན་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པ་ Labor ཕྱོགས་འགལ་ཚོགས་པ་ཡིན་པའི་སྐབས་སུ་ལམ་ལུགས་དེ་ལ་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་ད་ཆ་ང་རྩོལ་ཚོགས་པ་གཞུང་འཛིན་པ་ཆགས་ཡོད་ཀྱང་ལམ་ལུགས་དེ་འགྱུར་བ་དང་དཀའ་ངལ་སེལ་མ་ཐུབ་པར་མི་གྲངས་སྟོང་ཕྲག་མང་པོ་གཏན་འཇགས་ཐོངས་ཆེན་དང་གཞིས་ཆགས་རྒྱུར་རེ་སྒུག་བྱས་ནས་བསྡད་ཡོད། 

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡ་གཞུང་གིས་མི་གྲངས་ ༡༩༠༠༠ ཙམ་སྐྱབས་བཅོལ་བ་ཡིན་པའི་ངོས་འཛིན་བྱས་ཡོད་ཀྱང་། ད་དུང་ཡང་ཡིག་ཆ་སོགས་ལས་རིམ་གྱི་བྱེད་སྒོ་ཁག་མ་ཚར་བ་ལྷག་ནས་བསྡད་ཡོད་འདུག 

ཉེན་གཡོལ་ཞུ་མཁན་ལྟེ་གནས་ཀྱི་ལས་བྱེད་ཇཱ་ནཱ་ Jana ལགས་ཀྱིས་གནས་སྟངས་འདིའི་འོག་ད་དུང་ཡང་མི་མང་པོ་ཞིག་ཐེ་ཚོམས་དང་སེམས་ཁྲལ་གྱི་གནས་སུ་ལྷུང་ཡོད་སྐོར་གསུངས་འདུག 

དཀའ་ངལ་ནང་ལྷུང་བསྡད་ཡོད་པའི་མི་དེ་ཚོ་མཚོན་ན་ཁོང་ཚོ་སྤྱི་ཚོགས་ནང་འཚོ་བ་ངེས་གཏན་མེད་པའི་གནས་སྟངས་འོག་དཀའ་ལས་ཁག་པོ་དང་རེ་སྒུག་བྱེད་ནས་བསྡད་ཡོད་པ་རེད། ཁོང་ཚོའི་གནས་སྟངས་དེ་ཛ་དྲག་ཞིག་དང་ང་ཚོས་ཁོང་ཚོ་གཏན་འཇགས་ཀྱི་འཚོ་བ་ཞིག་རོལ་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད། ཁོང་ཚོ་འདས་པའི་མི་ལོ་ ༡༠ ཙམ་གྱི་རིང་སྤྱི་ཚོགས་འདིའི་ནང་བསྡད་ཚར་ཡོད་དུས་ད་ནི་ཁོང་ཚོའི་མི་ཚིའི་འཚོ་བ་གསར་པ་ཞིག་དང་འཚོ་བ་གཏན་འཇགས་ཞིག་ལ་རོལ་ཐུབ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

སྐྱབས་བཅོལ་ཞུ་མཁན་ཚོ་དང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཨ་ལེ་གྷ་རཱ་སི་ཕན་ཌར་ Allegra Spender དང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་ཕི་ཀོ་ཁི་ David Pocock སོགས་ཀྱིས་ཨོ་སི་ཊོ་ལི་ཡ་གཞུང་ལ་སྐྱབས་བཅོལ་ཞུ་མཁན་དེ་ཚོ་ངོ་ལོ་བཅུ་ཕྲག་རིང་སྒུག་ཚར་དུས་ད་ནི་ཁོང་ཚོ་གཏན་སྡོད་བྱེད་ཆོག་པའི་ཡིག་ཆ་སྤྲད་དགོས་པའི་རེ་སྐུལ་ཞུས་འདུག 

གྲོས་ཚོགས་འཐུས་མི་སི་ཕན་ཌར Spender ལགས་ཀྱིས་སྐྱབས་བཅོལ་ཞུ་མཁན་དེ་དག་ནང་མི་མང་པོ་ཞིག་གིས་ད་བར་ལུང་པ་འདིར་ཞབས་ཞུ་མི་ཉུང་བ་བསྒྲུབས་ཚར་ཡོད་པ་རེད། མ་ཚད་དེ་དག་ནང་མང་པོ་ཞིག་ཐོག་མར་འདིར་འབྱོར་སྐབས་ལོ་ན་ ༧ དང་ ༨ ད་དུང་ ༩ དང་་ ༡༠ དེ་འདྲ་རེད། ཁོང་ཚོ་སོ་སོས་ད་ཆ་ཨོ་སི་ཊོ་ལི་ཡའི་མི་ཡིན་པ་ཚོར་གྱི་ཡོད། ངའི་བསམས་པར་ཁོང་ཚོ་ཚང་མ་ད་ཆ་རིམ་བཞིན་བང་རིམ་སྒྲིག་ནས་ཐག་གཅོད་གཅིག་དང་ཚང་མ་མི་ཚེའི་འཚོ་བ་ངེས་གཏན་ཞིག་རོལ་བཅུག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡང་གྲོས་ཚོགས་གོང་མའི་འཐུས་མི་ཕི་ཀོ་ཁི་ POCOCK ལགས་ཀྱིས་སྐྱབས་བཅོལ་དུ་འབྱོར་བའི་ན་གཞོན་དེ་ཚོ་ད་ཆ་ཁོང་ཚོ་ཨོ་སི་ཊོ་ལ་ཡའི་མི་ཡིན་པ་ཚོར་གྱི་ཡོད་པ་རེད། ཁོང་ཚོ་འདི་རུ་སྡོད་འདོད་ཡོད་པ་རེད། ཁོང་ཚོ་འདིར་སྡོད་རྒྱུར་དགའ་མོས་ཡོད་པ་རེད། ཁོང་ཚོར་རེ་བ་ཆེན་པོ་ཞིག་དང་ཁོང་ཚོས་ལུང་པ་འདིར་ཞབས་ཞུ་སྒྲུབ་འདོད་ཡོད་པས་ན་གཞོན་དེ་ཚོ་ལ་དྲང་པོ་ཆགས་ཀྱི་མི་འདུག་ཅེས་གསུངས་འདུག 

SBS གསར་ཁང་གི་གསར་འགོད་པས་གཞིས་སྤོ་ལྷན་ཁང་གི་བློན་ཆེན་མཆོག་ལ་གནད་དོན་དེའི་སྐོར་བཅར་འདྲི་ཞུ་ཐབས་བྱས་ཀྱང་དང་ལེན་བྱས་མེད་པ་དང་། འོན་ཀྱང་གཞི་སྤོ་ལྷན་ཁང་གི་མགྲིན་ཚབ་པས་གཞུང་གི་ངོས་ནས་སྲུང་སྐྱོབ་ཀྱི་གནད་དོན་རེ་རེའི་ཐོག་ནས་ཞིབ་འཇུག་ནན་ཏན་དང་སྲུང་སྐྱོབ་ལམ་ལུགས་དང་དཀའ་ངལ་དེ་དག་སེལ་ཐབས་བྱ་རྒྱུ་ཡིན་ཡང་ད་དུང་དུས་ཚོད་འགོར་སྲིད་སྐོར་བརྗོད་འདུག 

གནས་སྟངས་འདིའི་འོག་ཕི་མེ་ཁཱ་ནེ་ཤན་ Piume Kaneshan དང་འདྲ་བ་གཞིས་སྤོ་བ་མང་པོ་ཞིག་གི་མི་ཚེ་མང་ཆེ་བ་ཨོ་སི་ཊོ་ལི་ཡའི་ནང་བསྐྱལ་ཟིན་པ་དང་། ཁོང་ཚོ་བཙན་དབང་གིས་ཕྱིར་སློག་བྱེད་སྲིད་ནའང་ཁོང་ཚོ་ནི་ད་ཆ་ཐོག་མའི་སྐྱེས་ས་སྐྱེས་ཡུལ་དང་འབྲེལ་བ་མེད་པ་ཆགས་ཚར་ཡོད་པ་རེད།

ཁོ་མོས་ང་རང་ཨོ་སི་ཊོ་ལི་ཡའི་རིག་གཞུང་ཁྲོད་དུ་འཚར་ལོངས་བྱུང་བ་རེད། ང་རང་ཕ་ཡུལ་གྱི་སྐད་དྲན་པ་བརྗེད་ཚར་འདུག ངས་ཕ་ཡུལ་གི་ཡི་གེ་འབྲི་ཀློག་ཀྱང་བྱེད་ཤེས་ཀྱི་མེད། ང་རང་འདིར་འཚར་ལོངས་བྱུང་བ་རེད། ངས་སློབ་ཆུང་དང་། སློབ་འབྲིང་། དེ་ནས་མཐོ་སློབ་དང་ད་ཆ་་ཨོ་སི་ཊོ་ལི་ཡའི་ནང་གཙུག་ལག་སློབ་གཉེར་ཁང་ལ་སློབ་སྦྱོང་བྱེད་བཞིན་པ་ཡིན། ཚང་མ་ཨོ་སི་ཊོ་ལི་ཡའི་རིག་གཞུང་དང་འབྲེལ་བ་ཆགས་བསྡད་ཡོད་པ་རེད། ང་རང་ཉིད་ཀྱིས་ཀྱང་ང་རང་ཨོ་སི་ཊོ་ལི་ཡའི་མི་ཞིག་ཡིན་བསམས་ཀྱི་ཡོད། ང་ཚོར་ཕྱིར་ལོག་རྒྱུག་ཟེར་ན་དེ་ནི་བསམས་ཡུལ་ལས་འདས་པའི་གནས་ཚུལ་ཞིག་རེད། སེམས་ལ་དངངས་སྐྲག་སླེབས་ཀྱི་འདུག གང་ཡིན་ཟེར་ན་ཕྱིར་ཤྲིར་ལངྐ་ལ་འགྲོ་དགོས་བྱུང་ན་རྗེས་མ་ག་རེ་བྱེད་དགོས་མིན་ཤེས་ཀྱི་མི་འདུག་ཅེས་གསུངས་འདུག

Share