ལམ་གྱི་སྟེང་དུ་ཁོང་ཁྲོའི་གནས་སྟངས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ROAD_RAGE_AusExpl_Social_1080x1350.png

Get the SBS Audio app

Other ways to listen

ཁྱེད་རང་རླངས་འཁོར་གཏོང་ནས་འགྲོ་སྐབས་སུ་མཚམས་རེར་ལམ་སྟེང་དུ་རླངས་འཁོར་གཏོང་མཁན་གཞན་གྱིས་རྩུབ་སྤྱོད་ཀྱི་རྣམ་པ་སྟོན་སྲིད་ལ། གཞན་གྱི་རྩུབ་སྤྱོད་ཀྱི་རྣམ་པ་ངོས་ཟིན་དགོས་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པས་མ་ཚད། ཁྱེད་རང་ཉིད་ཀྱང་ཁོང་ཁྲོ་ལངས་བའི་གནས་ཚུལ་བྱུང་ཚེ་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་དང་། ཁྱེད་དང་ཁྱེད་ཀྱི་རླངས་འཁོར་གྱི་བདེ་འཇགས་ཉེན་སྲུང་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།


 ཐེངས་འདིར་ཨོ་སི་ཁྲུ་ལི་ཡ་ངོ་སྤྲོད་ཀྱི་ལེ་ཚན་འདིའི་ནང་ང་ཚོས་ཨོ་སི་ཁྲུ་ལི་ཡའི་ནང་རླངས་འཁོར་གཏོང་ནས་འགྲོ་བའི་སྐབས་སུ་བདེ་འཇགས་དང་འགན་འཁྲིའི་ཚད་གཞི་དང་། གལ་སྲིད་ཁྱོད་དང་ཁྱོད་ཀྱི་བརྩེ་ལྡན་གྱི་མི་ཞིག་ལམ་ཁའི་སྟེང་བརྡབ་སྐྱོན་གྱི་དོན་རྐྱེན་ནང་ལྷུང་ན། ག་རེ་བྱེད་དགོས་མིན་སྐོར་ལ་ངོ་སྤྲོད་འགྲེལ་བརྗོད་ཞུ་རྒྱུ་ཡིན། 

རྒྱུན་དུ་ཁོང་ཁྲོ་ལངས་བ་དང་། ངལ་དུབ་སླེབས་པ། རྣམ་གཡེང་ཤོར་བ། སེམས་ལ་གནོན་ཤུགས་སླེབས་པ་བཅས་ནི་སེམས་ཁམས་ཀྱི་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཡིན་མོད། དེ་དག་གིས་རླངས་འཁོར་གཏོང་སྐབས་སུ་བདེ་འཇགས་ལ་གནོད་ཀྱི་ཡོད། རླངས་འཁོར་ཁ་ལོ་བའི་སྤྱོད་ལམ་རྩུབ་མོ་བསྟན་པ་ནི་རྒྱུན་དུ་རླངས་འཁོར་གཏོང་མཁན་རྣམས་ཀྱི་སེམས་ལ་ཁོང་ཁྲོ་ལངས་པའམ་སེམས་ནང་སུན་སྣང་སྐྱེས་པ་སོགས་ལས་འབྱུང་གི་ཡོད། 

ཁུན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཇེམ་སི་ཁེར་བྷེ་ Professor James Kirby ལགས་ཀྱིས་ལམ་སྟེང་དུ་ཁོང་ཁྲོ་ལང་བའི་རྒྱུ་རྐྱེན་འགའ་ཞིག་ངོ་སྤྲོད་བྱས་འདུག 

ངས་བཤད་འདོད་པ་ནི་ང་ཚོས་མི་དེའི་ཕྱིའི་རྣམ་པ་དང་། ཕོ་མོའི་དབྱེ་བ་ཐོག་ནས་བལྟ་མི་རུང་། གཅིག་བྱས་ན་མི་དེ་ང་ཚོ་ལས་ལོ་ན་རྒན་པ་ཡང་ཡིན་སྲིད། མཚམས་རེར་ལམ་སྟེང་དུ་ཁོང་ཁྲོ་ལངས་བའི་རྒྱུ་རྐྱེན་མང་པོ་ཡོད་པའི་ནང་། དཔེར་ན། འགྲུལ་བཞུད་པ་ཞིག་ས་ཆ་གཅིག་ནས་གཅིག་ལ་བྲེལ་བ་ཡོད་སྐབས། གལ་སྲིད་ཁོ་ཚོར་འགྲིམ་འགྲུལ་གྱི་འཚང་ཁའི་ཁྲོད་ནས་འགོར་འགྱང་ཞིག་བྱུང་ན། དེ་ནི་ལམ་ཁའི་སྟེང་གི་མི་གཞན་གྱིས་རང་ཉིད་ལ་བསམ་བཞིན་དུ་བཀག་འགོག་བྱེད་ཀྱིན་ཡོད་པའི་ཚོར་སྣང་འོག་ཁོང་ཁྲོའི་རྒྱུ་རྐྱེན་དུ་འགྱུར་སྲིད་ཀྱི་ཡོད་ཅེས་གསུངས་འདུག 

བརྒྱུད་ལམ་ཁག་ཏུ་བཀོད་པའི་ལམ་ཁའི་ཁོང་ཁྲོའི་དཔེ་མཚོན་གཅིག་ནི། རླངས་འཁོར་ཁ་ལོ་བ་རྣམས་མཚམས་རེར་རླངས་འཁོར་ལས་བབས་ཏེ་ཕན་ཚུན་འཁྲུག་འཛིང་བྱེད་བཞིན་པའི་རྣམ་པ་དེ་རེད།

དགེ་རྒན་ཆེན་མོ་ཁེར་བྷེ་ལགས་ཀྱིས། འདི་ནི་རླངས་འཁོར་ཁ་ལོ་བ་རྣམས་མཚམས་རེར་ཚིག་རྩུབ་ཀྱི་རྩུབ་སྐྱོད་ལས་འགོ་བརྩམས་ཏེ། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་མངོན་དུ་འགྱུར་གྱི་ཡོད་སྐོར་གསུངས་འདུག

ལམ་དུ་ཁོང་ཁྲོ་ལངས་པའི་སྤྱོད་ལམ་ལ་བརྟེན་ནས་ཁ་ལོ་བས་ཉེན་ཁ་ཆེ་བའི་རླངས་འཁོར་གཏོང་བའི་མཇུག་འབྲས་ཀྱིས་རླངས་འཁོར་ཁ་ལོ་བ་ཚོས་རང་སེམས་གཅུན་མ་ཏུབ་པའི་རྐྱེན་གྱིས་སྤྱོད་ལམ་རྩུབ་མོ་ཆགས་ནས་ཐ་ན་བརྡབ་སྐྱོན་སོགས་ཀྱི་གནས་ཚུལ་འབྱུང་གི་ཡོད།

ལམ་ཁའི་སྟེང་དུ་ཁོང་ཁྲོ་ལ་འཕྲད་པའི་དཀའ་ངལ་གཅིག་ནི། སྐབས་དེར་ང་ཚོར་ཐ་ན་རླངས་འཁོར་གཏོང་བའི་རང་གི་ནུས་པ་ལའང་ཁ་ལོ་བསྒྱུར་སྒྱུར་མི་ཐུབ་པས། ང་ཚོ་ཁོང་ཁྲོ་ལངས་སྐབས་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཁོང་ཁྲོ་ལངས་ས་ཉེས་ཅན་པ་དེ་འཛིན་ཐབས་བྱེད་ཀྱི་ཡོད། སྐབས་དེར་ང་ཚོས་རང་ཉིད་ལ་རླངས་འཁོར་གཏོང་བའི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་འདོད་པའི་འཁྲུལ་ཤེས་ཤིག་སྐྱེས་ཏེ། དེས་ཉེན་ཁ་ཆེ་བའི་རླངས་འཁོར་གཏོང་བའི་བྱ་སྤྱོད་ལ་སྐུལ་སློང་གཏོང་གི་ཡོད། དེར་བརྟེན། ང་ཚོར་ལམ་ཁའི་སྟེང་གི་རླངས་འཁོར་གཏོང་མཁན་གཞན་དག་ལས་རང་ཉིད་ལ་རྩལ་ཁྱད་པར་བ་ཞིག་ཡོད་པར་འདོད་པའི་བློའི་འཁྲུལ་སྣང་དེ་སྐྱེས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ལམ་དུ་ཁོང་ཁྲོ་ལང་བའི་སྤྱོད་ལམ་སྤྱིར་བཏང་བ་ནི། གཞན་ལ་སུན་སྣང་སྐྱེས་ནས། གཞན་འགོག་རྐྱེན་བཟོ་ཆེད་གློ་བུར་དུ་རླངས་འཁོར་གྱི་ཁ་འགོག་པའམ་དལ་དུ་གཏོང་བ། རླངས་འཁོར་གཞན་གྱི་རྗེས་འདེད་བྱེད་པ། ཚད་ལས་བརྒལ་བའི་མྱུར་ཚད་སྤར་བ། རླངས་འཁོར་གཏོང་མཁན་གཞན་ལམ་ལས་འགོག་ཆེད་གློག་སྤར་བཀག་བྱེད་པ་སོགས་བྱེད་ཀྱི་ཡོད། 

ཇིམ་ཝི་ལམ་James Williams ལགས་ནི་ RACV ཞེས་པའི་ཚོགས་པ་དེའི་འགན་འཛིན་ཞིག་རེད། 

ཉེན་རྟོག་པའི་གྲངས་ཐོ་གཞིར་བཞག་ན། ཝེ་ཁི་ཏོ་རི་ཡ་གཅིག་པུའི་ནང་དུ་ཡང་། ལམ་ཁར་རྩུབ་སྤྱོད་ཀྱིས་རྐྱེན་པས་ལོ་རེར་ཉེས་ཆད་སྒོར་ཉིས་སྟོང་ཙམ་གཅོད་ཀྱི་ཡོད།

རླངས་འཁོར་གཅིག་གི་རྗེས་ལ་གཅིག་རྒྱུག་པ་ནི་རླངས་འཁོར་གཉིས་བར་བར་ཐག་སེན་ཊི་མི་ཊར་འགའ་ཤས་ཀྱི་རྒྱང་ཐག་རིང་ཐུང་ལས་མེད་ལ། དེ་ནི་ལམ་ཁའི་གནས་སྟངས་དང་ད་དུང་མགྱོག་ཚད་ལའང་རག་ལས་ཡོད།

དུས་ཡུན་རིང་པོར་མདུན་གྱི་རླངས་འཁོར་དང་ཐག་ཉེ་དྲགས་པ་ཡིན་ན། ཁྲིམས་ལུགས་ཀྱི་ངོས་ནས་བཤད་ནའང་ཁྲིམས་འགལ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག 

ལམ་དུ་ཁོང་ཁྲོ་ལངས་ན་ཉེས་པ་མེད་ཀྱང་ལམ་དུ་འཚུབ་ཆ་ལངས་ནས་རླངས་འཁོར་གཏོང་བའི་བྱ་སྤྱོད་ཀྱིས་ལམ་གྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་ན་ཉེས་ཆད་གཅོད་ཀྱི་ཡོད། ཝི་ཊོ་རི་ཡའི་ནང་ཆ་མཚོན་ན་དཔེར་ན། རླངས་འཁོར་གཞན་རྗེས་འདེད་གཏོང་བའི་ཉེས་ཅན་ལ་ཨ་སྒོར་ ༢༤༨ མན་ཉེས་ཆད་གཅོད་ཀྱི་ཡོད་པས་མ་ཚད། ད་དུང་རླངས་འཁོར་ཁ་ལོ་ཆོག་ཡིག་གི་སྐར་མ་གཅིག་བརླག་གི་ཡོད་པ་རེད། 

སྐུ་ཞབས་ཝི་ལམ་ Mr Williams ལགས་ཀྱིས་གལ་སྲིད་ཁྱེད་རང་ལམ་ཁ་སྟེང་འཚུབ་ཆ་ཁྲོད་དུ་ལྷུང་ཚེ་ཁྱེད་རང་གི་བདེ་འཇགས་དེ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

ཁོང་གིས་དཔེར་ན། གལ་སྲིད་རླངས་འཁོར་གཏོང་མཁན་གཞན་དེར་རྗེས་འདེད་བཏང་ནས་འཚེ་བའམ་རྒོལ་འཛིང་བྱས་ན། ཉེན་ཁ་ཆེ་རུ་འགྲོ་རྒྱུ་རེད། གལ་སྲིད་རླངས་འཁོར་གཏོང་མི་འོས་པའི་ཚོར་སྣང་བྱུང་ན། ཉེན་རྟོག་པར་འབྲེལ་བ་བྱ་རྒྱུ་དང་། ཡང་ན་རང་ཉིད་བདེ་འཇགས་ཀྱི་གནས་སུ་སླེབས་ཐབས་བྱ་རྒྱུ་བརྗེད་མི་རུང་། གལ་སྲིད་རོགས་རམ་མཁོ་ན། ཉེན་ཁ་ཆེ་བའི་རླངས་འཁོར་གཏོང་ཚུལ་དེ་ངེས་པར་དུ་སྙན་སེང་ཞུ་དགོས་ཞེས་གསུངས་འདུག 

ལམ་དུ་ཁོང་ཁྲོ་ལངས་པའི་གནས་སྟངས་ཤིག་ལ་འཕྲད་སྐབས། སེམས་ལྷོད་ལ་གནས་རྒྱུ་དང་། གནས་སྟངས་དེ་ཇེ་སྡུག་ཏུ་མ་སོང་སྔོན་ནས་སེམས་ཀྱི་ངར་ཤུགས་དེ་ཞི་ཐབས་བྱེད་རྒྱུ་ནི་ཤིན་ཏུ་གནད་འགག་ཆེན་པོ་ཡིན། 

གལ་སྲིད་རང་ཉིད་ལ་ཁོང་ཁྲོའི་ཚོར་བ་ཞིག་སྐྱེས་སྐབས་དེ་མ་ཐག་རང་སེམས་ཞི་ལྷོད་དུ་གནས་ཐབས་བྱ་རྒྱུ་དང་། གནས་སྟངས་དེ་ལས་རང་ཉིད་རྒྱང་དུ་བཀྱེད་རྒྱུ་ནི་ཐབས་ལམ་ཡག་ཤོས་དེ་ཡིན། 

ཁ་ལོ་བ་གཞན་དེར་རླངས་འཁོར་གཏོང་དུ་འཇུག་པ་དང་། རང་ཉིད་བདེ་འཇགས་ངང་རླངས་འཁོར་དེ་ལམ་འགྲམ་ནས་བཀག་པ། ཡང་ན། གནས་སྟངས་དེ་ཞི་འཇམ་དུ་གཏོང་བའི་ཐབས་ལམ་གཞན་ཡང་སྤྱད་དགོས་ཀྱི་ཡོད་པ་རེད། 

Share