ཨོ་གླིང་ནང་༧གོང་ས་མཆོག་དགུང་གྲངས་ ༨༩ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

Tibetans in Australia celebrated the 89th birthday of H.H the Dalai Lama 2.jpg

Get the SBS Audio app

Other ways to listen

ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁེམ་བྷེ་ར་དང་། སིཌ་ནིང་། ཝི་ཊོ་རི་ཡ་སོགས་བོད་མི་གནས་སྡོད་བྱེད་ས་ས་གནས་ཁག་མང་པོ་ཞིག་གི་ནང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་ཕྱི་ལུགས་དགུང་གྲངས་ ༨༩ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་འདུག


མགོན་པོ་གང་ཉིད་ད་ལྟའི་ཆར་ཨ་རི་ནང་ཞབས་པུས་སྨན་བཅོས་གནང་མུས་ཡིན་ཞིང་། ཉེ་ཆར་སྐུའི་བླ་སྨན་པ་ཌོ་ཊར་ཚེ་བརྟན་རྡོ་རྗེ་ལགས་དང་། བོད་སྨན་ཨེ་ཆི་རྟ་མགྲིན་ལགས་རྣམ་གཉིས་ཀྱིས་མགོན་པོ་གང་ཉིད་ཀྱི་ཞབས་པུས་སྨན་བཅོས་གང་ལེགས་བྱུང་ཡོད་སྐོར་གཞིས་བྱེས་བོད་མི་ཡོངས་ལ་གཏམ་བཟང་གསལ་བསྒྲགས་གནང་ཡོད་པ་རེད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ བཞེས་པའི་སྐུའི་འཁྲུངས་སྐར་ལ་མགོན་པོ་གང་ཉིད་ཀྱིས་ཨ་རི་ནས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་དང་བཀའ་སློབ་གནང་ཡོད་པ་རེད།

ཡང་ཕྱི་ཟླ་ ༧ ཚེས་ ༤ ཉིན་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སིཌ་ནིང་རུ་གནས་བཞུགས་བོད་མི་བཞི་བཅུ་ལྷག་མཉམ་འབྲེལ་གྱིས་ལས་ཀ་བྱེད་སའི་རྒན་གསོ་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༨༩ བཞེས་པའི་དགའ་སྟོན་སྲུང་བརྩིའི་ཆེད་གཏན་སྡོད་རྒན་རྒོན་རྣམ་པ་དང་འགན་འཛིན་རྣམ་པ། ལས་བྱེད་དང་སྨན་ཞབས་པ་སོགས་འབྲེལ་ཡོད་ལས་བྱེད་ཡོངས་ལ་ཉིན་གུང་གསོལ་ཚིག་འདེགས་འབུལ་དང་། གླུ་གཞས་སོགས་བོད་མིའི་ཐུན་མིན་གྱི་ཁྱད་ཆོས་དག་ངོ་སྤྲོད་དང་འབྲེལ་ནས་རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུས་འདུག 

དེ་རིང་འཁྲུངས་སྐར་ཉིན་ཨོ་གླིང་གི་ས་གནས་གང་སར་བོད་མི་དང་། དབྱིན་ཇི་སོགས་མི་རིགས་གཞན་པ་བཅས་ས་གནས་ཀྱི་མི་མང་མང་པོ་ཞིག་མཛད་སྒོར་མཉམ་ཞུགས་ཀྱིས་འཁྲུངས་སྐར་རྟེན་འབྲེལ་ཞུས་གནང་བ་དང་། ཨོ་གླིང་གི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣང་མང་པོ་ཞིག་ཀྱང་མཛད་སྒོར་མཉམ་ཞུགས་ཀྱིས་གཏམ་བཤད་དང་མགོན་པོ་གང་ཉིད་ལ་ཆེ་བསྟོད་དང་སྨོན་འདུན་ཞུས་གནང་འདུག

Share