ཚོང་ལས་ཆུང་གྲས་ཁག་གི་དགོས་མཁོ་ཡིག་ཆ་སྐད་ཡིག་བརྒྱ་ལྷག་ཙམ་ནང་རག་གི་ཡོད།

Australian Small Business and Family Enterprise Ombudsman  Bruce Billson (Supplied).jpg

Get the SBS Audio app

Other ways to listen

ཨོ་སི་ཁྲུ་ལི་ཡའི་ཚོང་ལས་ཆུང་གྲས་དང་ཁྱིམ་ཚང་ཁེ་གཉེར་ལྟ་ཞིབ་ཁང་གིས་དྲ་ཚིགས་ https://www.asbfeo.gov.au/ ཐོག ཚོང་ལས་ཆུང་ཆུང་གཉེར་མཁན་ཚོས་དགོས་མཁོའི་གནས་ཚུལ་དང་ཡིག་ཆ་ཁག་སྐད་ཡིག་ ༡༠༠ ལྷག་ཙམ་ནང་རག་གི་ཡོད་པ་རེད།


ཚོང་ལས་ལྟ་ཞིབ་ཁང་དེས་དྲ་ཚིགས་ཡིག་སྒྱུར་དེའི་དམིགས་ཡུལ་གཙོ་བོར་རིག་གཞུང་དང་སྐད་ཡིག་སྣ་ཚོགས། དེ་བཞིན་དབྱིན་སྐད་དང་པོ་མིན་པའི་ཚོང་ལས་ཆུང་གྲས་གཉེར་མཁན་རྣམས་ལ་སྟབས་བདེ་དང་། རྒྱབ་སྐྱོར་ཆེད་དུ་བཟོས་པ་ཞིག་ཡིན་འདུག

ཚོང་ལས་ལྟ་ཞིབ་ཁང་དེའི་ལས་བྱེད་བྷུར་སི་བྷིལ་སོན་ Bruce Billson ལགས་ཀྱིས་ཁོང་ཚོའི་ལས་དོན་དེས་གཞིས་སྤོ་བ་ཚོང་ལས་ཆུང་གྲས་གཉེར་མཁན་དང་། སྐད་ཡིག་ལ་དཀའ་ངལ་ཡོད་མཁན་ཚོར་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་འདུག

ཁོང་གིས་ང་ཚོས་ཨོ་སི་ཁྲུ་ལི་ཡའི་ནང་ཚོང་ལས་ཆུང་གྲས་དང་ཁྱིམ་ཚང་ཁེ་གཉེར་ཁང་ཁག་ལ་དགའ་ཚོར་ཆེན་པོས་གསལ་བསྒྲགས་ཞུ་རྒྱུ་ཞིག་ལ། ཚོང་ལས་ཀྱི་དགོས་མཁོ་དང་འབྲེལ་བའི་གནས་ཚུལ་ཡིག་ཆ་ཁག་སྐད་ཡིག་བརྒྱ་ལྷག་ཙམ་ནང་དྲ་ཐོག་ཕབ་སྒྱུར་ཐུབ་ཀྱི་ཡོད། ང་ཚོས་ཤེས་རྟོགས་བྱུང་བར་ལྟར་ན། ཨོ་སི་ཁྲུ་ལི་ཡའི་ནང་ཚོང་ལས་ཆུང་གྲས་གཉེར་མཁན་བརྒྱ་ཆ་ ༣༠ ཙམ་ནི་ལུང་པ་གཞན་ལ་སྐྱེས་པ་དེ་འདྲ་རེད་འདུག ང་ཚོའི་རྒྱལ་ཁབ་འདི་ནི་རིག་གཞུང་སྣ་ཚོགས་དང་ས་གནས་ཚོང་ལས་ཁག་ནི་མི་རིགས་དང་སྐད་ཡིག་སྣ་ཚོགས་ལས་གྲུབ་པའི་མི་ཚོས་གཉེར་བཞིན་ཡོད། ཚོང་ལས་གཉེར་སྐབས་དཀའ་ངལ་དང་གནས་ཚུལ་ཤེས་རྟོགས་དགོས་རིགས་ང་ཚོའི་དྲ་ཚིགས་ཐོག་ཡོང་ནས་ཡིག་སྒྱུར་ཞབས་ཞུར་སྐད་ཆ་དྲིས་པ་ཡིན་ན་ལན་འདེབས་དང་ཁྱེད་ལ་དགོས་མཁོའི་གནས་ཚུལ་མང་པོ་ཞིག་མཁོ་སྤྲོད་ཞུ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

སྐུ་ཞབས་བྷིལ་སོན་ Mr Billson ལགས་ཀྱིས་ཚོང་ལས་ཆུང་གྲས་གཉེར་མཁན་རྒྱུན་དུ་ཁྱིམ་ཚང་ནང་དབྱིན་སྐད་ལས་སྐད་ཡིག་གཞན་བེད་སྤྱོད་བྱེད་མཁན་བརྒྱ་ཆ་ ༢༣ ཙམ་ཞིག་གི་ཚོང་ལས་དང་འབྲེལ་བའི་དཀའ་རྙོག་དྲ་ཚིགས་འདིའི་བརྒྱུད་སེལ་ཐུབ་ཀྱི་ཡོད་སྐོར་དང་། དེའི་ནང་སུམ་ཆ་གཉིས་ཙམ་ནི་སྒོར་མོ་སྤྲོད་ལེན་གྱི་དཀའ་རྙོག་ཡིན་སྐོར་བརྗོད་འདུག

ཁོང་གིས་དྲ་ཐོག་ཡིག་སྒྱུར་དེའི་ཐོག་སྟབས་བདེ་གནོན་ཐེངས་གཅིག་གིས་གཞིས་སྤོ་བ་ཚོང་ལས་གཉེར་མཁན་ཚོར་ལས་སླ་མོ་བཟོ་བཞིན་ཡོད་པས་མ་ཚད། ཁོང་ཚོར་ཚོང་ལས་དང་འབྲེལ་བའི་དགོས་མཁོ་གནས་ཚུལ་མང་པོ་ཞིག་དེ་ནས་རག་གི་ཡོད་སྐོར་བརྗོད་འདུག

ཁོང་གིས་ཐོག་མར་ང་ཚོས་གཙོ་བོར་སྐད་ཡིག་བཅུ་གྲངས་ཤིག་གཙོ་འདོན་བྱས་ཀྱང་། རྗེས་སུ་རྒྱལ་ཁབ་དང་ལུང་པ་གཞན་ལ་སྐྱེས་མཁན་མང་པོ་ཞིག་གིས་ཉིན་རེ་ཉིན་རེའི་ཚོང་ལས་ལས་དོན་ནང་སྐད་ཡིག་གཞན་དག་མང་པོ་ཞིག་སྤྱོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བས། ང་ཚོས་གྷུ་གྷལ་ཡིག་སྒྱུར་དེ་ནས་ཁ་ཐུག་ཚུར་ཡོང་བ་བཟོས་པ་རེད། ཡིག་སྒྱུར་དེའི་ཐོག་ནས་དབྱིན་ཇི་སྐད་ཡིག་ལས་སྐད་ཡིག་གཞན་པ་སྤྱོད་མཁན་ཚོ་ལ་ཕན་ཐོགས་ངེས་ཅན་དང་། གོ་སྐབས་མང་པོ་ཞིག་བསྐྲུན་ཐུབ་ཀྱི་ཡོད་པས་མ་ཚད་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པ་ཡོང་གི་འདུག་ཅེས་གསུངས་འདུག

ཨོ་སི་ཁྲུ་ལི་ཡའི་གཞིས་སྤོ་ལྷན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ཨོ་སི་ཁྲུ་ལི་ཡས་ཕྱི་ལོ་ ༢༠༥༠ ལོར་མི་འབོར་ས་ཡ་ ༣༨ ལ་དམིགས་ཚད་འཛིན་ཡོད་པ་དང་། གཞིས་སྤོ་བ་ཚོས་ལོ་རེར་རྒྱལ་ནང་ཐོན་སྐྱེད་ཨོ་སྒོར་ཐེར་འབུམ་ ༡་༦ བཟོ་བཞིན་ཡོད་སྐོར་གསལ་འདུག

ཡིན་ན་ཡང་གཞིས་སྤོ་བ་བརྒྱ་ཆ་ ༨༣ ཙམ་ཁོང་ཚོ་ཨོ་སི་ཁྲུ་ལི་ཡར་མ་འབྱོར་གོང་ཚོང་ལས་རྩ་བ་ནས་གཉེར་མྱོངས་མེད་མཁན་རྐྱང་རྐྱང་ཡིན་པ་དང་། དེའི་ནང་བརྒྱ་ཆ་ ༣༣ ཙམ་ཨོ་སི་ཁྲུ་ལི་ཡར་འབྱོར་ནས་ཚོང་ལས་གཉེར་མཁན་ཡིན་འདུག

ཞིབ་འཇུག་པ་དང་ཟ་ཁང་སྦྱིན་བདག་ཌོ་ཊར་ཇོ་སེ་ཕིན་ Dr Josephine Okurame ལགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ནང་གཞིས་སྤོ་བ་ ༦༢༠༠༠༠ ནང་ནས་མི་གཅིག་རེས་ཚོང་ལས་ཆུང་གྲས་གཉེར་ཀྱི་ཡོད་སྐོར་བརྗོད་འདུག ཁོ་མོས་དྲ་ཚིགས་འདི་འདྲ་ཞིག་བཟོས་གནང་བར་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་གསུངས་འདུག

ཁོ་མོས་ཐོག་མར་ངས་དྲ་ཚིགས་དེ་མཐོང་དུས་སྣང་བ་འགྲོ་པོ་བྱུང་སོང། ངས་རང་ཉིད་ཀྱི་སྐད་ཡིག་དེ་གནོན་དུས་ཤར་གྱི་འདུག་པས་དགའ་པོ་བྱུང་སོང་། དེ་ནི་དམིགས་བསལ་ཞིག་རེད་འདུག དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན་ཨོ་སི་ཁྲུ་ལི་ཡ་ནི་སྐད་ཡིག་དང་རིག་གཞུང་སྣ་མང་ཅན་ལ་གདེང་འཇོག་བྱེད་མཁན་ཞིག་དང་། ང་ཚོ་གཞིས་སྤོ་བ་ཚོར་བདག་སྐྱོང་དང་མཐོང་ཆེན་གནང་གི་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་འདུག

ཨོ་སི་ཁྲུ་ལི་ཡའི་ཚོང་ལས་ཆུང་གྲས་མཐུན་ཚོགས་ཀྱི་འགན་འཛིན་ཨ་ནན་ནླ་ཌར་ Anne Nalder ལགས་ཀྱིས་ཡིག་སྒྱུར་ལས་དོན་དེས་དཀའ་ངལ་མང་པོ་ཞིག་སེལ་ནས། གཞིས་སྤོ་བ་ཚོང་ལས་ཆུང་གྲས་གཉེར་མཁན་འཕེལ་རྒྱས་གཏོང་ཐུབ་རྒྱུ་རེད་ཅེས་གསུངས་འདུག

ཁོང་གིས་ཨོ་སི་ཁྲུ་ལི་ཡའི་ནང་མཚོན་ན་ང་ཚོ་དམིགས་བསལ་རིག་གཞུང་སྣ་ཚོགས་ཀྱི་ལུང་པ་ཞིག་རེད། ངའི་བསམས་པར་ཨོ་སི་ཁྲུ་ལི་ཡ་ནི་འཛམ་གླིང་ནང་མི་རིགས་ཆེས་མང་ཤོས་ཀྱི་རྒྱལ་ཁབ་གཅིག་རེད་བསམས་ཀྱི་འདུག ད་དུང་སྐད་ཡིག་གི་གནས་སྟངས་ཤིག་ཀྱང་ཡོད་པ་རེད། མང་པོ་ཞིག་གིས་ཚོང་ལས་ཧ་ལས་པ་ཡག་པོ་གཉེར་ཐུབ་ཀྱི་ཡོད་པ་རེད། དབྱིན་ཡིག་ནང་ཡོད་ཚད་གོ་ཚུད་དགོས་ཀྱིི་ཡོད་པ་རེད་བསམས་ཀྱི་མེད། ཡིན་ན་ཡང་ཚོང་ལས་ཆུང་གྲས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་སྐད་ཡིག་མ་འདྲ་བའི་ནང་བལྟ་ཀློག་བྱ་རྒྱུ་ཡོད་དུས་དེས་ཁོང་ཚོ་ལས་སླ་རུ་དང་སྟབས་བདེ་རུ་ཕྱིན་ཡོད་པ་རེད་ཅེས་གསུངས་འདུག


Share