ཨོ་སི་ཊོ་ལི་ཡའི་ནང་སོ་སོ་རང་ཉིད་ཀྱིས་ཚོང་ལས་ཆུང་ཆུང་འགོ་འཛུགས་སྟངས།

Small_busniess-AusExpl_Social_.png

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཤིག་འགོ་འཛུགས་བྱས་ཚེ་རང་ཉིད་ལ་ཁེ་ཕན་མང་པོ་ཞིག་ཡོད། ཨོ་སི་ཊོ་ལི་ཡ་གཞུང་ངོས་ནས་ཀྱང་ཚོང་ལས་འགོ་འཛུགས་བྱེད་མཁན་རྣམས་ལ་མ་དངུལ་སྤྲོད་པ་དང་། ཁྲལ་བསྡུ་ཆག་ཡང་། ལག་རྩལ་གོང་སྤེལ་གྱི་ཟབ་སྦྱོང་། ཚོང་ལས་གཉེར་སྟངས་སློབ་སྟོན་སོགས་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད།


དཔལ་འབྱོར་དང་ཚོང་ལས་ཀྱི་ཁོར་ཡུག་ཧ་ཅང་བཟང་བའི་ཨོ་སི་ཊོ་ལི་ཡའི་ནང་སྒེར་གྱི་ཁེ་ལས་དང་ཚོང་ལས་རྣམས་ལ་གཞུང་གི་ངོས་ནས་དམིགས་བསལ་གྱི་རྒྱབ་སྐྱོར་དང་རོགས་རམ་ཐོབ་བཞིན་ཡོད།

ཁྱེད་རང་གིས་ཚོང་ལས་དཔེ་གསར་ཞིག་དང་ཡང་ན་བསམ་བློ་མ་འདྲ་བ་ཞིག་གི་ཐོག་ནས་གཉེར་བ་གང་ཡིན་ཡང་། གང་ལྟར་ཚོང་ལས་ཤིག་གཉེར་བ་ཙམ་གྱིས་ཁེ་ཕན་མང་པོ་ཞིག་རག་ངེས་ཡིན།

ན་ཌན་ཁོན་ནེལ་ Nadine Connell ལགས་ནི་ཨོ་སི་ཊོ་ལི་ཡའི་རྣམ་དཔྱོད་ལྡན་པའི་ཚོང་ལས་གཉེར་སྟངས་འཆར་གཞི་ཞེས་པའི་ཚོགས་པ་དེའི་འགན་འཛིན་ཞིག་རེད། ཁོ་མོས་འཛམ་གླིང་ནང་ཨོ་སི་ཊོ་ལི་ཡའི་ནི་ཚོང་ལས་གཉེར་སླ་ཤོས་ཀྱི་ལུང་པ་ཞིག་ཡིན་སྐོར་གསུངས་འདུག

ཁོ་མོས་དཔྱ་ཁྲལ་གྱི་ཚད་གཞི་ནི་དཔེར་ན་ GST དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་ལྟར་བུར་མཚོན་ན་སྤྱི་སྟངས་ཚད་གཞི་བརྒྱ་ཆ་ ༡༠ ཙམ་རེད། དེ་ནས་ཨོ་སི་ཊོ་ལི་ཡའི་ཚོང་ལས་ཐོ་འགོད་ཨང་གྲངས་ ABN བཟོ་བར་ལས་སླ་མོ་རེད། ཨོ་སི་ཊོ་ལི་ཡ་གཞུང་ངོས་ནས་ཀྱང་ཚོང་ལས་ལ་མ་དངུལ་མང་པོ་ཞིག་གཏོང་གི་ཡོད་པ་རེད། ངའི་བསམས་པར་ཨོ་སི་ཊོ་ཡའི་རྒྱལ་ཡོངས་ལ་ཨོ་སྒོར་ཐེར་འབུམ་ ༧༠ ལས་བརྒལ་བ་གཏོང་བཞིན་ཡོད་པ་རེད། མ་ཚད་ཨོ་སི་ཊོ་ལི་ཡའི་ནང་ཁྱེད་རང་གི་གསར་གཏོད་བྱ་བཞག་ལ་ཁྲིམས་སྲོལ་ཁ་གསལ་ཡོད་པ་རེད་ཅེས་གསུངས་འདུག

ཨ་བྷུ་དྷ་ལཱ་ Abdalla ལགས་ནི་གྲོང་ཁྱེར་སིཌ་ནིང་ལ་བརྟེན་གཞི་བྱས་ཡོད་པའི་དཔལ་འབྱོར་དཔྱད་བརྗོད་པ་ཞིག་རེད། ཁོང་གི་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་གྱི་གནས་བབས་བརྟན་པོ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཁོང་གིས་དེ་སྔོན་ཏོག་དབྱིབས་འགོས་ཁྱབ་སྐབས་སུ་དཔལ་འབྱོར་ཉམས་ཆག་ཏོག་ཙམ་ཕྱིན་ཡོད་པ་ལས། གཞན་ང་ཚོའི་དཔལ་འབྱོར་གནས་བབས་གོམ་པ་བརྟན་པོ་སྤོ་བཞིན་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ཙམ་གྱི་རིང་ལ་དཔལ་འབྱོར་མུ་མཐུད་ཡར་རྒྱས་དང་གནས་བབས་བརྟན་པོ་ཆགས་ཡོད་ཅེས་གསུངས་འདུག

སྐུ་ཞབས་ཨ་བྷུ་དྷ་ལཱ་ Mr Abdallah ལགས་ཀྱིས་ད་དུང་ཨོ་སི་ཊོ་ལི་ཡ་གཞུང་གིས་ཚོང་ལས་བདག་པོ་ཚོ་ལ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཡག་པོ་ཞིག་བཟོས་ཡོད་སྐོར་བརྗོད་འདུག

ཁོང་གིས་ཨོ་སི་ཊོ་ལི་ཡའི་ནང་བཟོ་ཚོང་ཁང་ཁག་དང་མ་འཇོག་བྱེད་མཁན་རྣམས་ལ་ཉེན་སྲུང་ཡག་པོ་ཡོད་པ་རེད། དེ་བཞིན་རྒྱུ་དངོས་ཀྱི་བདག་དབང་ཆེན་པོ་ཡོད་པ་རེད། གཞུང་གི་ངོས་ནས་མི་ཚང་མར་ཁྲིམས་དང་སྒྲིག་གཞི་དང་། ཁྲིམས་མཐུན་གྱི་ལམ་ལུགས་ཕྱི་གསལ་ནང་གསལ་བཟོས་ཡོད་པ་རེད། གལ་ཆེ་ཤོས་ཤིག་ལ་ཨོ་སི་ཊོ་ལི་ཡའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་དེ་ཉུང་ཉུང་རེད་ཅེས་འགྲེལ་བརྗོད་གནང་འདུག

ཚོང་ལས་ཤིག་འཆར་གཞི་མ་བཀོད་གོང་ལ་ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཀྱི་འགྲོ་སྟངས་དང་སྒྲོམ་གཞི་གང་འདྲ་ཡིན་མིན་ཤེས་རྒྱུ་གལ་ཆེན་པོ་ཆགས་ཡོད།

ཚོང་ལས་ལ་ཆ་མཚོན་ན་ཅ་དངོས་ཉོ་ཚོང་དང་། བཟོ་ཚོང་ཁང་གཉེར་བ། ཡང་ན་མཉམ་འབྲེལ་ཚོང་ལས་ལ་ཞུགས་པ་སོགས་ཚོང་ལས་མ་འདྲ་བ་སོ་སོ་ལ་འགན་འཁུར་དང་ཁྲིམས་མཐུན་གྱི་ལམ་ལུགས་གཉེར་དགོས་ཀྱི་ཡོད་པ་རེད།

སྐུ་ཞབས་ཨ་བྷུ་དྷ་ལཱ་ Mr Abdallah ལགས་ཀྱིས་ཚོང་ལས་མ་འདྲ་བ་རེར་འགྲོ་སྟངས་དང་ལས་དོན་སྒྲུབ་སྟངས་མ་འདྲ་བ་ཡོད་པ་དང་དེ་གཙོ་བོར་ཁྱེད་རང་གི་ཚོང་ལས་ཀྱི་དམིགས་འདུན་ལ་རག་ལུས་ཡོད་སྐོར་གསུངས་འདུག

ཁོང་གིས་གལ་སྲིད་ངའི་དམིགས་ཡུལ་དེ་ས་གནས་སུ་ཚོང་ལས་ཆུང་ཆུང་ཞིག་བཟུང་ནས་ས་གནས་དེ་ག་རང་ལ་ཞུབས་ཞུ་ཆུང་ཆུང་ཞིག་བསྒྲུབས་བསྡད་པ་ཡིན་ན། ཚོང་ལས་དེ་ཡར་རྒྱས་འགྲོ་གི་མ་རེད། ཡང་མིན་ན་ངས་ཅ་དངོས་ཐོན་སྐྱེད་ཚོང་ལས་གཉེར་བ་དང་ཡང་ན་མཉམ་འབྲེལ་ཚོང་ལས་དེ་འདྲ་ཞིག་བཙུགས་པ་ནས། ངའི་དམིགས་ཡུལ་ཚོང་ལས་ཁང་དེ་རྒྱ་སྐྱེད་འགྲོ་ཐབས་དང་ཚོང་རྟགས་ཡོད་པ་ཅིག་བཟོ་དགོས་ཀྱི་ཡོད་པ་རེད། དེའི་ཐོག་ནས་རྗེས་མ་ཡར་རྒྱས་འགྲོ་གི་རེད། ཚོང་ལས་ཁང་མང་པོ་ཞིག་ཐོག་མར་ཁོང་ཚོ་མོ་ཊ་བཞག་ས་དེ་འདྲ་ནས་འགོ་བཙུགས་ནས་རྗེས་མར་སྒྲོ་ལོ་ཐེར་འབུམ་མང་པོའི་བདག་པོ་ཆགས་མཁན་དེ་འདྲ་མང་པོ་ཡོད་པ་ང་ཚོས་མཐོང་རྒྱུ་ཡོད་པ་རེད་ཅེས་གསུངས་འདུག

ཁྱེད་རང་གིས་ཚོང་ལས་ཀྱི་སྒྲོམ་གཞི་བཟོས་ཚར་བ་ཡིན་ན་ཁྱེད་རང་གིས་ངེས་པར་དུ་ཚོང་ལས་དེབ་སྐྱེལ་དང་དེ་ནས་ས་གནས་ཀྱི་ཁྲིམས་དང་སྒྲིག་གཞི་དེ་ཚོ་འགྲོ་ལུགས་གཉེར་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་གཉེར་སྟངས་སྐོར་གྱི་དགོས་མཁོའི་གནས་ཚུལ་ཡིག་ཆ་ཁག་དང་། ཨོ་སི་ཊོ་ལི་ཡའི་ཚོང་ལས་དེབ་སྐྱེལ་གྱི་ཨང་གྲངས་ ABN སོགས་ཁྱེད་རང་གནས་སྡོད་བྱེད་སའི་མངའ་སྡེ་སོ་སོའི་གཞུང་གི་དྲ་ཚིགས་ཐོག་ནས་རག་གི་ཡོད་པ་རེད།

Share