ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་འཚོལ་སྟངས།

JOB_HUNT_AusExpl_Social_1080x1350_LongLeftAligned_Orange.png

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་ནང་ལས་ཀའི་གོ་སྐབས་མང་པོ་ཞིག་ཡོངས་གྲགས་ཀྱི་ཁྱབ་བསྒྲགས་བྱེད་བཞིན་མེད་པས། ལས་ཀའི་གོ་སྐབས་འཚོལ་བར་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཁྲོམ་རའི་གནས་སྟངས་དང་འགྲོ་ལུགས་གང་འདྲ་ཡིན་མིན་ཤེས་རྒྱུ་གལ་ཆེན་པོ་ཆགས་ཡོད། ལས་ཀ་འཚོལ་བ་ནི་དོན་དག་གལ་ཆེ་ཤོས་ཤིག་ཆགས་ཡོད།


ཁྱེད་རང་ཨོ་སི་ཊོ་ལི་ཡར་འབྱོར་མ་ཐག ཁྱེད་རང་གི་ལས་ཀའི་ཐོབ་ཐང་ག་རེ་ཡོད་མེད་ཤེས་རྟོགས་དང་ལས་ཀའི་གོ་སྐབས་འཚོལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གཞིས་སྤོའི་ཁྲིམས་རྩོམ་པ་ཨན་ནེ་ཁེ་མེ་ནེ་སི་ Agnes Kemenes ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཁོ་མོས་ཁྱེད་རང་ཉིད་ཕྱི་ལོགས་ལ་ལས་ཀ་འཚོལ་བར་འགྲོ་རྒྱུར་བློ་སྟོབས་ཡོད་དགོས་པ་ལས་སུ་ཞིག་གིས་ཁྱེད་རང་ཚུར་འཚོལ་བར་ཡོང་གི་མ་རེད། ལས་ཀ་ཞིག་འཚོལ་བར་ཨོ་སི་ཊོ་ལི་ཡའི་ལས་ཞུགས་ཀྱི་ཁྲོམ་རའི་འགྲོ་སྟངས་ཤེས་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། ཁྱེད་རང་ལས་ཀ་དེར་འཚམ་པོ་ཏག་ཏག་ཅིག་ཡོད་མེད་གཙོ་བོར་མ་ཡིན་པར།  གཙོ་བོར་ཁྱེད་རང་ཕྱི་ལོགས་ལ་འགྲོ་ནས་ཁྱེད་རང་ཉིད་ཀྱིས་ལས་ཀ་ཞིག་འཚོལ་ཐུབ་ཀྱི་ཡོད་མེད་དེ་རེད་ཅེས་གསུངས་འདུག

ལས་ཀ་འཚོལ་སའི་དྲ་ཚིགས་དཔེར་ན་ Seek དང་ Jora སོགས་དང་ད་དུང་སྤྱི་ཚོགས་བརྒྱུད་ལམ་གྱི་དྲ་བ་དཔེར་ན་ LinkedIn
སོགས་དེ་ཚོའི་སྒང་ནས་ལས་ཀ་མང་པོ་ཞིག་རག་གི་ཡོད།

ལྕམ་ཁེ་མེ་ནེ་སི་ Kemenes ལགས་ཀྱིས་གལ་སྲིད་ཁྱེད་ལ་ལས་ཀ་དགོས་ཚེ་ལས་ཞུགས་ངོ་ཚབ་ལས་ཁུངས་དེ་འདྲ་ལ་འབྲེལ་བ་བྱས་ཚེ་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་འདུག

ཁོ་མོས་ལས་ཞུགས་ངོ་ཚབ་ལས་ཁུངས་དང་ལས་མི་བསྡུ་མཁན་གཉིས་དབར་མི་འདྲ་བའི་ཆ་ནས་ལས་ཞུགས་ངོ་ཚབ་ལས་ཁུངས་ཚོས་ཁྱེད་རང་ལ་རོགས་པ་བྱེད་ནས་ལས་ཀ་འཚོལ་རོགས་བྱེད་ཀྱི་ཡོད། ཁོང་ཚོས་ལས་ཀ་འཚོལ་རྗེས་གླ་ཆ་བླངས་བཞིན་ཡོད། ལས་མི་བསྡུ་མཁན་ཚོས་ཁྱེད་རང་ཁ་ཐུག་ལས་ཀ་སྤྲོད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ད་དུང་ཁྱེད་རང་གིས་གཞིས་སྤོ་བ་དང་སྐྱབས་བཅོལ་ཞབས་ཞུ་ཁང་ཁག་གི་བརྒྱུད་ནས་ཀྱང་ལས་ཀ་རག་ཐབས་བྱེད་ཆོག དཔེར་ན་རྒྱལ་ཡོངས་སུ་ཁེ་མེད་ཚོགས་པ་ SSI ཚོགས་པ་ལྟ་བུས་རྒྱབ་ལྗོངས་དང་གནས་སྟངས་འདྲ་མིན་ཡིན་པའི་མི་རྣམས་ལ་ལས་ཀ་འཚོལ་སྟངས་ལམ་སྟོན་དང་སྦྱོང་བརྡར་སོགས་སྤྲོད་བཞིན་ཡོད།

ཚོགས་པ་ཡི་ལས་ཞུགས་ཞབས་ཞུ་བའི་འགན་འཛིན་ཇོ་ཌེ་ལཱ་ཁཱ་ནེ་ Joudy Lazkany ལགས་ཀྱིས་ SSI ཡི་ལས་རིམ་ཁག་གཙོ་བོར་སྐྱབས་བཅོལ་བ་དང་གཞིས་སྤོ་བ་རྣམས་ལ་རོགས་རམ་བྱ་རྒྱུ་དེ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

ཁོ་མོས་གསར་དུ་འབྱོར་མཁན་ཞིག་ལ་མཚོན་ང་ཚོས་ཐོག་མར་ཁོང་ཚོ་རིམ་པ་ ༡༠ ལེགས་གྲུབ་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་ཤོད་བཞིན་ཡོད། དེ་ཡང་དཔེར་ན་ཁོང་ཚོར་མཐུན་རྐྱེན་དང་དགོས་མཁོ་ག་རེ་ཡོད་མེད་རོགས་རམ་དང་། ཁོང་ཚོའི་ཡིག་ཆ་ཁག་དཔང་རྟགས་གཞིར་བཞག་ནས་ཨོ་སི་ཊོ་ལི་ཡའི་ནང་ཁྲིམས་མཐུན་ཡིག་སྒྱུར་བྱེད་ཐབས།  ལུང་པ་གཞན་པ་ནས་རག་པའི་ལག་འཁྱེར་དེ་ཚོ་ཨོ་སི་ཊོ་ལི་ཡའི་ནང་ངོས་འཛིན་ཐོབ་ཐབས། ལས་ཀ་འཚོལ་སྟངས། ཚོང་ལས་འཚོལ་ཞིབ་བྱེད་སྟངས། སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཁག་དཔེར་ན་ང་ཚོ་ལྟར་བུ་དེ་ཚོ་འབྲེལ་བ་བྱེད་སྟངས་དང་དེ་ཚོའི་བརྒྱུད་ནས་སོ་སོ་རང་ཉིད་ཀྱི་ནུས་པ་གོང་མཐོར་དང་གཞན་ལ་བརྟེན་མི་དགོས་པ་བཟོ་ཐབས་སོགས་ལ་རོགས་རམ་དང་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་འདུག

ཨོ་སི་ཊོ་ལ་ཡའི་སྤྱི་དམངས་བདེ་དོན་ལྷན་ཁང་ AMES ཡི་དོ་དམ་པ་ལུ་རེ་ཉོ་ཝེལ་ Laurie Nowell ལགས་ཀྱིས་ཁོང་ཚོས་ཀྱང་གཞིས་སྤོ་བ་རྣམས་ལ་ལག་ཤེས་དང་། ལག་འཁྱེར། ད་དུང་ལས་ཀ་ཉམས་མྱོངས་གསོག་རྒྱུ་སོགས་ལ་རོགས་རམ་གནང་གི་ཡོད་སྐོར་གསུངས་འདུག

ཁོང་གིས་ང་ཚོའི་ལས་རིམ་གཅིག་གི་ནང་གཞིས་སྤོ་བ་ཚོ་ལས་ཀར་ཞུགས་ཐབས་བྱ་རྒྱུ་དེ་རེད། ང་ཚོའི་ཞབས་ཞུ་དེའི་ཐོག་ནས་ཁོང་ཚོ་གང་མགྱོག་ལས་ཀ་རག་ཐབས་བྱེད་བཞིན་ཡོད། ང་ཚོ་སྐྱབས་བཅོལ་བའི་གཞིས་སྒར་དེ་ཚོའི་ནང་སློབ་སྦྱོང་སྤྲོད་པ་དང་། ལས་ཀ་འཚོལ་སྟངས་སོགས་མི་རེ་རེ་བཞིན་བྱེད་ནས་ལམ་སྟོན་སྦྱོང་བརྡར་སྤྲོད་བཞིན་ཡོད། དེའི་སྐབས་སུ་ཁོང་ཚོ་འཇོན་ནུས་ག་རེ་ཡོད་མེད་དང་ཡང་དཀའ་ངལ་དང་འགོག་རྐྱེན་ག་རེ་ཡོད་མེད་ཀྱང་བལྟས་ནས་དཀའ་ངལ་དང་འགོག་རྐྱེན་དེ་ཚོ་སེལ་ཐབས་བྱེད་བཞིན་ཡོད་ཅེས་གསུངས་འདུག

ལུ་རེ་ཉོ་ཝེལ་ Laurie Nowell ལགས་ཀྱིས་སྤྱི་ཚོགས་ནང་དམའ་རིམ་གྱི་ལས་ཀའི་གོ་སྐབས་ཀྱང་མང་པོ་ཞིག་ཡོད་པ་རེད། ང་ཚོས་གཞིས་སྤོ་བ་དང་སྐྱབས་བཅོལ་བ་དེ་ཚོ་དང་མཉམ་དུ་ལས་ཀ་བྱེད་དུས་ཁོང་ཚོ་མང་པོ་ཞིག་ལ་ཆེད་ལས་ལག་འཁྱེར་དེ་འདྲ་མི་འདུག་ཀྱང་ལས་ཀ་བྱེད་འདོད་ཡོད་མཁན་མང་པོ་ཞིག་འདུག ཁོང་ཚོ་ཞབས་ཞུའི་སྡེ་ཚན་ལས་རིགས་དེ་ཚོར་སྦྱོང་བརྡར་མགྱོག་པོ་སྤྲད་ནས་ལག་འཁྱེར་དང་ལྷན་དུ་ལས་ཀར་ཞུགས་ཐུབ་ཀྱི་ཡོད་ཅེས་གསུངས་འདུག

Kemenes ལགས་ཀྱིས་ལས་ཀ་ཞིག་རག་པར་ཐོག་མར་ཟླ་བ་འགའ་ཤས་རིང་དང་བླངས་ལས་ཞུགས་བྱས་ཚེ་གོ་སྐབས་མང་བ་ཡོད་སྐོར་གསུངས་འདུག

ཁོ་མོས་ལས་ཀ་འཚོལ་སྐབས་ཁྱེད་རང་ཉིད་ངོ་སྤྲོད་དང་ཁྱེད་རང་ཉིད་ཀྱི་ལག་རྩལ་ངོ་སྤྲོད་བྱ་རྒྱུ་གལ་ཆེན་པོ་རེད། གཞིས་སྤོ་བ་མང་པོ་ཞིག་ལུང་པ་འདིར་ཡོང་སྐབས་དམིགས་ཡུལ་དང་རིག་གཞུང་མ་འདྲ་བ་མང་པོ་ཡོད་པ་རེད། ལས་ཀ་ཞིག་འཚོལ་བར་ཉུང་མཐར་ལས་གནས་ ༣༠ དང་ ༤༠ དེ་འདྲར་སྙན་ཞུ་རྒྱག་ནས་ལས་ཀ་རག་ཐབས་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁྱེད་རང་ཐོག་མར་དང་བླངས་ཀྱི་ལས་ཀ་བྱེད་ས་ལས་ཁུངས་དེས་ཁྱེད་རང་གི་ལས་ཀ་དང་ཁྱེད་རང་གི་ཆོད་སེམས་ལ་དགའ་མོས་བྱུང་ཚེ་ཁོང་ཚོས་ཁྱེད་རང་ལ་གླ་ཡོད་ཀྱི་ལས་ཀ་སྤྲོད་ཀྱི་ཡོད།

Share