ཨོ་སི་ཊོ་ལི་ཡའི་ནང་དཔྱིད་ཀ་ཚ་བ་ཆེ་བའི་སྐབས་སུ་བསིལ་པོ་དང་བདེ་ཐང་ཡོང་ཐབས།

SAFE SUMMER_AusExpl_Social.png

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་ནང་དབྱར་ཁར་གནམ་དྭངས་ཤིང་ཚ་དྲོད་ཆེ་བ་དང་། དགུན་དུས་ཀྱི་གྲང་ངར་རྫོགས་ནས་ནམ་ཟླ་དབྱར་ཁ་ཤར་བ་ནི་དགའ་འོས་པ་ཞིག་རེད། ཡིན་ན་ཡང་ཨོ་སི་ཊོ་ལི་ཡའི་ནང་དབྱར་ཁར་ཐན་པ་དང་ཚ་བ་མགྱོག་པོ་ཇེ་ཆེར་འགྲོ་བཞིན་ཡོད། མ་ཚད་དབྱར་ཁར་ Ultraviolet ཞེས་པའི་མིའི་ལུས་ཕུང་བདེ་ཐང་ལ་གནོད་པའི་འོད་རླབས་ཤིག་ཤུགས་ཆེ་ཡོང་གི་ཡོད་པས་དེ་ལ་ངེས་པར་དུ་དོ་སྣང་བྱེད་དགོས། ཨོ་སི་ཊོ་ལི་ཡའི་དཔྱིད་ཀར་ཡང་སྐམ་ཤས་ཆེ་བ་དང་ཚ་དྲོད་ཤིན་ཏུ་ཆེ་བའི་དུས་སྐབས་དེར་བསིལ་པོ་དང་འཕྲོད་བསྟེན་བདེ་ཐང་ཡོང་ཐབས་བྱེད་དགོས་ཀྱི་ཡོད།


གནམ་གཤིས་ཚ་དྲོད་ཆེ་བའི་སྐབས་སུ་ང་ཚོའི་གཟུགས་པོ་ལས་རྔུལ་ནག་བཞུར་བ་ནི་རྒྱུན་ལྡན་ཞིག་རེད། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ལ་བཞུགས་ཡོད་པའི་སྨན་པ་ཨན་ཇེ་ལི་ཤཱ་སི་ཀོ་ཊི་ Angelica Scott ལགས་ཀྱིས་གཟུགས་པོ་ལས་རྔུལ་ཆུ་བཞུར་བ་ནི་ཚ་བ་དང་དྲོད་ཚད་ཆེ་ཆུང་ཚད་གཞི་མཇལ་བྱེད་ཀྱི་གཟུགས་པོའི་འཕྲུལ་འཁོར་ཡན་ལག་ལྟར་བུ་ཞིག་རེད་ཅེས་གསུངས་འདུག

ཡིན་ན་ཡང་དམིགས་བསལ་གྱི་ཚ་དྲོད་ཤིན་ཏུ་ཆེ་བའི་དུས་སྐབས་དེར་གཟུགས་པོར་དཀའ་ངལ་སྣ་ཚོགས་ཤིག་འཕྲད་སྲིད། དཔེར་ན། ལུས་སེམས་ངལ་དུབ་དང་ཡང་ན་ཚ་གདུག་ཕོག་པ་སོགས་ཡོང་གི་ཡོད།

ཚ་བ་ཆེ་བའི་སྐབས་སུ་གཙོ་བོར་རྔུལ་ནག་བཞུར་ནས་གཟུགས་པོ་ལས་ཚ་དང་ཆུ་མང་པོ་ཞིག་དོན་རྗེས་ངལ་དུབ་ཡོང་གི་ཡོད།

ཚ་གདུག་ཕོག་པ་ནས་དེ་ལས་ཀྱང་གནས་སྟངས་ཅུང་ཛ་དྲག་ཆགས་ཀྱི་ཡོད། སྐབས་དེར་སྨན་བཅོས་ཛ་དྲག་ཞབས་ཞུ་ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན་གཟུགས་པོའི་ནུས་ཤུགས་ཟད་ནས་གཟུགས་པོའི་ནང་ངོས་སུ་ཚ་དྲོད་སྙོམ་སྒྲིག་བྱེད་ཐུབ་ཀྱི་མེད་པ་རེད།

ཌོ་ཊར་སི་ཀོ་ཊི་ Dr Scott ཡིས་ཚ་དྲོད་ཆེ་བའི་སྐབས་སུ་དོ་སྣང་བྱེད་དགོས་པའི་ནད་རྟགས་ཁག་ཅིག་ངོ་སྤྲོད་གནང་དོན།

ཁོང་གིས་ཁྱེད་རང་གི་གཟུགས་པོར་ཚ་གདུག་ཕོག་སྐབས་ནད་རྟགས་ཁ་ཤས་ཤིག་ཡོང་གི་ཡོད། རྒྱུན་དུ་མགོ་ན་བ་དང་ཚ་བ་འཚིག་པའི་ཚོར་སྣང་སླེབས་པ། ད་དུང་རྔུལ་ནག་བཞུར་བ་སོགས་ཡོང་གི་ཡོད། མཚམས་རེར་མི་ཁག་ཅིག་ལ་རྔུལ་ནག་མང་པོ་བཞུར་གྱི་ཡོད། ཁོ་ཚོར་ངལ་དུབ་ཀྱིས་མནར་བའི་རྒྱུ་མཚན་ནི་ཁྱོད་ཀྱི་ལུས་པོ་དང་ཀླད་པས་ཁྱོད་ཀྱི་ལུས་ཕུང་ལ་བརྡ་གཏོང་ནས་ཡོད་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད་པ་མཚོན་ཡོད། ད་དུང་དེ་ལས་ཇེ་སྡུག་ཏུ་ཕྱིན་ཚེ་ཚ་གདུག་ཕོག་གི་ཡོད་པས་ཚ་གདུག་ཕོག་པ་ནི་ངལ་དུབ་ལས་ཀྱང་ཚབས་ཆེ་བ་རེད་ཅེས་གསུངས་འདུག

ཌོ་ཊར་སི་ཀོ་ཊི་ Dr Scott ལགས་ཀྱིས་གནམ་གཤིས་ཚ་བ་ཆེ་བའི་སྐབས་སུ་ཆུ་མང་པོ་གཏུང་རྒྱུ་ནི་ངལ་དུབ་དང་ཚ་གདུག་སྔོན་འགོག་གི་ཐབས་ལམ་ཡག་ཤོས་དེ་ཡིན་སྐོར་གསུངས་འདུག 

ཁོང་གི་སོ་སོ་རང་ངོས་ནས་རྒྱུན་དུ་ཆུ་དང་གཤེར་ཁུ་རིགས་མང་པོ་གཏུང་དགོས་པ་ལས། སོ་ཌ་དང་བྱེ་མ་ཀ་ར་རིགས་འདྲེས་པའི་འཐུང་ཆུ་དེ་དག་གཏུང་རྒྱུ་མེད། གང་ཡིན་ཟེར་ན་བྱེ་མ་ཀ་ར་རིགས་འདྲེས་པའི་གཏུང་བྱ་དེ་དག་གིས་ཁྱེད་རང་གི་གཟུགས་པོ་ནད་རྟགས་ཇེ་སྡུག་ཏུ་གཏོང་གི་ཡོད། མངར་མོ་རིགས་ཀྱིས་ཁྱེད་རང་གཅིན་པ་མང་པོ་ཞིག་ཡོང་བཅུག་གི་ཡོད་པས་དེས་ཁྱེད་རང་གི་གཟུགས་པོའི་འཕྲོད་བསྟེན་ལ་དེ་ལས་ཀྱང་མང་བ་གནོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོ་མོས་ཆུ་མང་ཙམ་འཐུང་དགོས་པས་མ་ཚད། ཟས་རིགས་སྣ་ཚོགས་དང་ཟ་མ་ཡང་ཡག་པོ་བཟའ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག

གནམ་གཤིས་ཧ་ཅང་ཚ་པོ་ཡིན་པའི་སྐབས་སུ་ཁྱེད་རང་གི་གཟུགས་པོ་ལྗིད་ཁོག་ཚ་པོ་དང་། ངལ་དུབ། དཀའ་ལས་ཁག་པ་སོགས་ཀྱི་ཚོར་སྣང་ཡོང་གི་ཡོད། གལ་སྲིད་ཁྱེད་རང་གི་ཤིང་ཐོག་མང་པོ་བཟས་ཚེ་དེས་ཁ་ལག་ཞུ་སླ་བ་སོགས་ལ་ཕན་ཐོགས་ཡོང་གི་ཡོད་པས་མ་ཚད། དཔེར་ན་ཤིང་ཐོག་ནང་ཆུ་ག་གོན་ལྟར་བུར་མཚོན་ན་ཆུ་མང་པོ་ཡོད་པས་ཧ་ཅང་ཡག་པོ་ཡོད་པ་རེད་ཅེས་གསུངས་འདུག

ཆུ་འཐུང་རྒྱུ་དང་ཁ་ལག་ཚད་ལྡན་བཟའ་རྒྱུ་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད། མ་ཚད་གནམ་གཤིས་ཚ་བ་ཆེ་བའི་སྐབས་སུ་གཟུགས་པོའི་པགས་པ་དང་། ལུས་ཀྱི་ནང་ཁྲོལ་དབང་པོ་ཁག་ལ་ཡང་བདག་གཅེས་བྱ་རྒྱུ་དེ་བས་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

མ་ཚད་གྱོན་དགོས་སྲབ་མོ་ཡང་པོ་དང་། ཁང་པ་ནང་ལོགས་དང་གྲིབ་བསིལ་འོག་ལ་སྡོད་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་དུང་ཉི་འོད་ལས་སྲུང་སྐྱོབ་བྱ་རྒྱུ་དེ་ལས་ཀྱང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག ཉི་འོད་ལས་སྲུང་སྐྱོབ་ནི་ཉི་མ་ལས་པགས་པ་འཚིག་སྐྱོན་མི་ཡོང་བ་བྱ་རྒྱུ་དེ་རེད།

ཚ་དྲོད་ཆེ་བའི་སྐབས་ལ་ཕྱི་ལོགས་སུ་འགྲོ་སྐབས་ཉི་འགོག་སྣུམ་ SPF ཞེས་པ་དེ་ནུས་ཚད་ཨང་གྲངས་ ༥༠ དང་དེ་ལས་མཐོ་བ་དེ་འདྲ། ལག་པ་དཔུང་པ་དང་། རྣ་ཅོག གྲང་ཁར། ད་དུང་ངོ་གདོང་ལ་ཡང་ཏོག་ཙམ་བྱུག་རྒྱུ་མ་བརྗེད་པ་བྱེད་དགོས་ཤེས་གསུངས་འདུག

 རྒྱལ་ཡོངས་པགས་ནད་ལྟ་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ཆེན་མོ་ཨ་ནན་ཁཱ་སི་ཊི་ Professor Anne Cust ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་ Ultraviolet ཞེས་པའི་མིའི་ལུས་ཕུང་བདེ་ཐང་ལ་གནོད་པའི་འོད་རླབས་ UV ཞེས་པ་དེས་གནོད་འཚེ་སྔོན་འགོག་ཆེད་ཉི་འགོག་ཞག་རྩི་བྱུག་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག 

UV ཞེས་པའི་འོད་རླབས་དེ་གཙོ་བོ་ཉི་མ་ལས་ཡོང་གི་ཡོད་ཅིང་། དེས་མི་རྣམས་ལ་པགས་པའི་སྐྲན་ནད་ཀྱི་རྒྱུར་བཟོ་བཞིན་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་ནང་ UV ཞེས་པའི་འོད་རླབས་དེ་ཧ་ཅང་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་འཛམ་གླིང་ནང་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལན་ཌི་གཉིས་ཀྱི་ནང་པགས་པ་སྐྲན་ནད་ཕོག་མཁན་གྱི་གྲངས་འབོར་མཐོ་ཤོས་ཆགས་ཀྱི་ཡོད། ཨོ་རོབ་རྒྱལ་ཁབ་ཁག་དང་བསྡུར་ན་རྡབ་གཅིག་ལས་མང་བ་་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

སློབ་དཔོན་ཆེན་མོ་ཁཱ་སི་ཊི་ Professor Cust ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་འོད་རླབས་དེ་ཤུགས་ཆེ་ཆུང་ག་ཚོད་ཡོད་མེད་འགྲེལ་བརྗོད་གནང་དོན། 

ཁོ་མོས་ཨོ་སི་ཊོ་ལི་ཡའི་ནང་དབྱར་ཁའི་སྐབས་སུ་འོད་རླབས་དེའི་ཤུགས་ཚད་མཐོ་ཤོས་ཨང་གྲངས་ ༡༢ ནས་ ༡༤ བར་སླེབས་ཀྱི་ཡོད་པ་དང་། ཡོ་རོབ་ལྷོ་ཕྱོགས་ཀྱི་ལུང་པ་ཁག་ལ་མཚོན་ན་འོད་རླབས་དེ་ཚད་མཐོ་ཤོས་སྐབས་སུ་ཡང་ཨང་གྲངས་ ༨ ལས་བརྒལ་ཐུབ་ཀྱི་མེད་སྐོར་བརྗོད་འདུག 

ཁོ་མོས་མཚམས་རེར་གནམ་གཤིས་བསིལ་པོ་དང་སྤྲིན་པ་འཁྲིགས་བསྡད་པའི་སྐབས་སུ་ཡང་འོད་རླབས་དེ་ཤུགས་ཆེན་པོ་ཡོད་སྲིད་པ་རེད་ཅེས་གསུངས་འདུག

ཉིན་རེ་ཉིན་རེའི་འོད་རླབས་ཀྱི་ཤུགས་ཚད་ཆེ་ཆུང་དང་ཚད་མཐོ་དམའ་དྲ་ཚིགས་ཁག་དང་ the SunSmart Global UV app སོགས་གནམ་གཤིས་ལས་ཁུངས་ཁག་གིས་བཟོས་པའི་གཉེན་ཆས་ཁག བརྙན་འཕྲིན་ནས་གནམ་གཤིས་སྡོན་བརྡ་སོགས་ལས་ཤེས་ཐུབ་ཀྱི་ཡོད་པ་རེད།

Share